ཏོག་དབྱིབས་ནད་ཡམས་ཀྱི་ཟུར་བཀག་དམ་དྲག་རྐྱེན་ཡུལ་ཤུལ་ནས་བྱིས་བ་ལོ་གཉིས་ལ་སོན་པ་ཞིག་གྲོངས་འདུག
ཏོག་དབྱིབས་ནད་ཡམས་ཀྱི་ཟུར་བཀག་དམ་དྲག་རྐྱེན་ཡུལ་ཤུལ་ནས་བྱིས་བ་ལོ་གཉིས་ལ་སོན་པ་ཞིག་ལ་དུས་ཐོག་སྨན་བཅོས་མ་རག་པ་སོགས་ཀྱི་རྐྱེན་འདས་གྲོངས་སུ་ཕྱིན་འདུག
- 2022-12-07
-
-
-
Your browser doesn’t support HTML5 audio
བོད་ནང་གི་རྩོམ་པ་པོ་འོད་ཟེར་ལགས་ཀྱི་ངོ་དེབ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཡུལ་ཤུལ་ཁུལ་གྱི་ས་གནས་རྒྱ་ནག་གི་ནད་ཡམས་སྔོན་འགོག་ཚན་པས་ས་གནས་ཀྱི་ཡུལ་མིའི་འགྲོ་བསྐྱོད་བཀག་སྡོམ་དམ་དྲག་བྱས་བའི་རྐྱེན་གྱིས་ལོ་གཉིས་ཡིན་པའི་ཕྲུ་གུ་ཞིག་ལ་དུས་ཐོག་སྨན་བཅོས་མ་ཐོབ་པའི་གནས་སྟངས་འོག་འདས་གྲོངས་སུ་ཕྱིན་ཡོད་འདུག དེ་ཡང་ས་གནས་ནས་གནས་ཚུལ་བཀོད་པ་ཞིག་ལུངས་འདྲེན་བྱས་བའི་ནང་། སྤྱི་ཟླ་༡༡ཚེས་༣༠ཉིན་གྱི་དགོང་དྲོ་ཡུལ་ཤུལ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཚན་པས་བརྡ་ཐོ་བཏང་སྟེ་ཁོང་ཚོའི་ཁྱིམ་ཚང་ལ་ཏོག་དབྱིབས་ནད་ཡམས་ཕོག་ཡོད་པས་ཟུར་བཀག་བྱ་ཡུལ་དུ་བསྐྱོད་དགོས་པ་བརྗོད་ན་ཡང་། གནས་ཚུལ་བཀོད་པ་པོ་ཁོང་གི་བརྟག་དཔྱད་བྱས་འབྲས་སུ་ནད་ཡམས་འགོས་མེད་པ་ཐོན་གྱི་འདུག་པས། ཁོང་ཚོ་ཁྱིམ་སྡོད་ཟུར་བཀག་བྱ་རྒྱུ་དང་། ཡང་བསྐྱར་བརྟག་དཔྱད་བྱ་རྒྱུའི་རེ་བ་བཏོན་ན་ཡང་རྒྱ་ནག་གི་འབྲེལ་ཡོད་ཚན་པས་མི་འགྲིག་པ་བརྗོད་ནས་མཐར་ཁོ་ཚོའི་ནང་མི་ཚང་མ་ཟུར་བཀག་བྱ་ཡུལ་ཁག་བཞི་ལ་སོ་སོར་སྡོད་བཅུག་ཡོད་སྐོར་དང་། དེ་ནས་ལོ་གཉིས་ལ་སོན་པའི་ཕྲུ་གུར་དང་ཐོག་ནད་འགོས་མེད་ན་ཡང་ཏོག་དབྱིབས་འགོས་ནད་ཕོག་པའི་ཟུར་བཀག་བྱ་ཡུལ་གྱི་མགྲོན་ཁང་ནང་ཁྲིད་པའི་རྐྱེན་གྱིས་ཕྲུ་གུར་ཡང་ནད་འགོས་ནས་རྗེས་སུ་དུས་ཐོག་སྨན་པར་བསྟེན་གཏུག་མ་ཐུབ་པ་དང་། དུས་ཐོག་རོགས་སྐྱོར་མ་རག་པ་སོགས་འགལ་རྐྱེན་མང་པོ་འཕྲད་པ་དང་། རྗེས་སུ་ཡུལ་ཤུལ་ཁུལ་སྨན་ཁང་གི་ནད་ཁང་དཀྱུས་མ་ཞིག་ནང་ཁྲིད་ཐུབ་ནའང་མྱུར་སྐྱོབ་མ་ཐུབ་པར་འདས་གྲོངས་སུ་ཕྱིན་པ་སོགས་བཀོད་འདུག
དེའི་ཐད་ཡུལ་ཤུལ་ཁུལ་དུ་གནས་སྡོད་བོད་མི་ཁག་ཅིག་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་འབྲེལ་གཏུགས་ཀྱིས་གནས་ཚུལ་རྒྱུས་ལོན་བྱེད་ཐབས་བྱས་སྐབས། བོད་མི་ཞིག་གིས་ཡུལ་ཤུལ་གྲོང་ཁྱེར་ཡོངས་སུ་ཁྱིམ་སྡོད་བཀག་རྒྱ་དང་འགྲོ་བསྐྱོད་དམ་དྲག་ཡོད་པས་ནད་ཡམས་ཀྱི་ཁྱིམ་སྡོད་བཀག་རྒྱའི་ཁྲོད་དེ་འདྲའི་རྐྱེན་ངན་འཕྲད་བཞིན་པ་དང་། ལྷག་པར་དུ་ནད་གཞི་ལྗིད་མོ་ཡོད་མཁན་ཚོར་དུས་ཐོག་སྨན་བཅོས་དང་སྨན་པ་བསྟེན་གཏུགས་དཀའ་བ། ཉིན་རེའི་འཚོ་བར་དཀའ་ངལ་ཡོད་པའི་ཡིད་ཆེས་བྱེད་བཞིན་ཡོད། ཡིན་ན་ཡང་གནས་ཚུལ་དེ་རིགས་གླེང་ཆོག་གི་མེད་པ་དང་། དྲྭ་ལམ་དུ་སྤེལ་ཆོག་གི་མེད། དེ་འདྲ་བྱས་ན་ཉེས་ཆད་ཕོག་སྲིད་པས་ཞེད་སྣང་ཡོད་པ་བརྗོད་བྱུང་།
བསམ་བསམ་ཞུ་བ་ཞིག་གིས་ཉེ་ལམ་དྲྭ་ཐོག་ཏུ་སྤེལ་བའི་གནས་ཚུལ་ནང་། ལྷ་སར་ལོ་༢༧ཡིན་པའི་ཁོང་གི་གཅུང་པོ་སྤྱི་ཟླ་༩བའི་ཚེས་༡༠ཉིན་ཏོག་དབྱིབས་ནད་འགོས་ཟིན་པ་བརྗོད་ནས་ཚེས་༡༡ཉིན་ཟུར་བཀག་ཁང་དུ་ཁྲིད་རྗེས་ཚེས་༡༦ཉིན་ནད་རྟགས་མེད་ཚུལ་བརྗོད་ཡོད་ན་ཡང་། ཚེས་༡༩ཉིན་ན་ཚའི་རྐྱེན་འདས་གྲོངས་སུ་སོང་ཡོད་པས། སྐབས་རེར་ནད་ཡོད་པ་དང་སྐབས་རེར་ནད་མི་འདུག་ཚུལ་བརྗོད་པའི་ངེས་གཏན་མེད་པའི་བརྟག་དཔྱད་མཇུག་འབྲས་དང་དེའི་རྒྱུ་རྐྱེན་ལ་ཞིབ་འཇུག་གནང་རོགས་ཞེས་འབོད་སྐུལ་གནང་འདུག
རྒྱ་ནག་ནང་འཛམ་གླིང་གི་རྒྱལ་ཁབ་གཞན་དང་མ་འདྲ་བར་ད་བར་ལོ་ངོ་གསུམ་མ་ཟིན་ཙམ་རིང་། རབ་དང་རིམ་པར་ཏོག་དབྱིབས་ནད་ཡམས་རྩ་མེད་བཟོ་བ་ཟེར་བའི་སྲིད་ཇུས་འོག སྒྲོམ་ཚང་ལ་བཅུག་ནས་ཟུར་བཀག་དང་། ཁྱིམ་སྡོད་བཀག་རྒྱ་བསྡམས་པ། ཕྱོགས་ཡོངས་ནས་དམ་དྲག་བྱས་བ་བཅས་ལ་བརྟེན་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་དང་སློབ་གྲྭ་ཆེན་མོ་མང་པོའི་ནང་མི་མང་གིས་གཞུང་གི་དམ་དྲག་སྲིད་ཇུས་དེར་ངོ་རྒོལ་རབ་དང་རིམ་པར་བྱས་ཡོད་ལ། ད་ཆ་རིམ་པས་རྒྱ་ནག་གཞུང་གིས་ཟུར་བཀག་དང་དམ་དྲག་གི་སྲིད་ཇུས་གློད་བཞིན་པ་ལྟར། བོད་ཀྱི་ས་ཁུལ་ཁག་གི་དམ་དྲག་སྲིད་ཇུས་ཡང་རིམ་པས་གློད་བཞིན་པ་རེད།
གསར་འགོད་པ། གུ་རུ་ཆོས་སྐྱིད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།