བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཡང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་ཉེན་ཁ་ཆེ་ཁུལ་༡༩འཕར་འདུག
བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་ཇེ་མང་དུ་འགྲོ་བཞིན་པ་དང་ནད་ཡམས་ཁྱབ་གདལ་གྱི་ཉེན་ཁ་ཆེ་ཁུལ་༡༩འཕར་བ་བསྒྲགས་འདུག་ལ་ཟི་ལིང་དུ་ཚེས་༡༤ཉིན་ནད་པ་༥༠༢གསར་དུ་འཕར་འདུག
- 2022-11-15
-
-
-
བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་ཇེ་མང་དུ་འགྲོ་བཞིན་པ་དང་ནད་ཡམས་ཁྱབ་གདལ་གྱི་ཉེན་ཁ་ཆེ་ཁུལ་༡༩འཕར་བ་བསྒྲགས་འདུག་ལ་ཟི་ལིང་དུ་ཚེས་༡༤ཉིན་ནད་པ་༥༠༢གསར་དུ་འཕར་འདུག
ཉེ་བའི་ཟླ་བ་གསུམ་ལྷག་རིང་རྒྱ་ནག་གཞུང་གིས་འབོད་པའི་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས། བོད་ཀྱི་ས་ཁུལ་གང་སར་ཉིན་ལྟར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བྱུང་བའི་ཁྲོད། ཉེ་བའི་ཉིན་ཤས་རིང་རིམ་པས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་། ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཀྱི་གྲངས་འབོར་ཉུང་དུ་ཕྱིན་ནས་ནད་ཡམས་ཁྱབ་གདལ་གྱི་ཉེན་ཁའི་ས་ཁུལ་མེད་པར་གྱུར་བ་གཞུང་ཕྱོགས་ནས་བསྒྲགས་ཡོད་ཀྱང་། འདི་ཚེས་༡༥ཉིན་རྒྱ་ནག་གཞུང་ཕྱོགས་ཀྱི་གྲངས་འབོར་ལ་བལྟས་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཇེ་མང་དུ་འགྲོ་བཞིན་པ་དང་ནད་ཡམས་ཁྱབ་གདལ་གྱི་ཉེན་ཁ་ཆེ་ཁུལ་༡༩འཕར་བ་བསྒྲགས་འདུག
དེ་ལྟར་རྒྱ་ནག་གི་གཞུང་འབྲེལ་གསལ་བསྒྲགས་ནང་། འདི་ཚེས་༡༥ཉིན་གྱི་ཉིན་རྒྱབ་བར་བོད་རང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཡོད་མཁན་ཐོན་མེད་ན་ཡང་། ནད་རྟགས་མ་མངོན་པའི་ནད་པ་༥ཐོན་པ་ལྷ་ས་གྲོང་ཁྱེར་དུ་༢དང་། ཆབ་མདོ་རུ་༢། མངའ་རིས་ས་ཁུལ་དུ་༡བཅས་འཕར་འདུག དེའི་སྔར་ཉིན་ཚེས་༡༤ཉིན་གྱི་ཆུ་ཚོད་ཉེར་བཞིའི་རིང་ནད་རྟགས་ཅན་༤དང་ནད་རྟགས་མ་མངོན་པ་༡༧བཅས་མང་དུ་ཕྱིན་ཡོད་འདུག དེ་ཙ་ན་འདི་ཚེས་༡༥བར་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁྱོན་ནད་ཡམས་འགོས་ཁྱབ་བྱུང་བ་མི་གྲངས་༡༨༨༠༤ཟིན་འདུག
ས་གནས་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་ན། སྤྱི་ཟླ་༨པའི་འགོ་སྟོད་ནས་བོད་ཀྱི་རྒྱལ་ས་ལྷ་སར་ཁྱིམ་སྡོད་བཀག་རྒྱ་བསྡམས་ཡོད་པ་ད་ཆ་སྡེ་ཁུལ་དང་ས་ཁུལ་ཁག་ཅིག་ལ་རིམ་པས་བཀག་རྒྱ་གློད་བཞིན་ཡོད་ཀྱང་། སྲང་ལམ་ཁག་ཏུ་བསྐྱོད་མཁན་ཧ་ཅང་ཉུང་བ་དང་ཁྱིམ་སྡོད་བཀག་རྒྱ་ཁྱོན་ཡོངས་ནས་གློད་མེད་པ་བརྗོད་བྱུང་། དེ་ལྟར་ན་ལྷ་སར་ཁྱིམ་སྡོད་བཀག་རྒྱ་བསྡམས་ནས་འདི་ཚེས་༡༥བར་ཉིན་གྲངས་༩༤ཕྱིན་ཡོད།
གཞན་ད་སྐབས་ཁྱིམ་སྡོད་བཀག་རྒྱ་བསྡམས་ཡོད་པ། བོད་མི་མང་པོ་གནས་ཡུལ་ཟི་ལིང་གྲོང་ཁྱེར་ནང་འདི་ཚེས་༡༤ཉིན་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་༥༠༢གསར་དུ་འཕར་ནས་གཏན་འཁེལ་སྨན་ཁང་དུ་བསྐྱལ་ཟིན་པ། ཟི་ལིང་གྲོང་ཁྱེར་གྱི་ཏོག་དབྱིབས་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བཀོད་འདོམས་ལས་ཁུངས་ཀྱིས་བསྒྲགས་འདུག ཡིན་ན་ཡང་ཁྱིམ་སྡོད་བཀག་རྒྱ་བསྡམས་ཡོད་པ་སོགས་ས་གནས་ཀྱི་གནས་ཚུལ་ཞིབ་ཕྲ་གང་ཡང་སྤེལ་མི་འདུག
དེ་བཞིན་རྒྱ་ནག་གི་རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ལྷན་ཁང་གི་ཕྱིར་བསྒྲགས་གྲངས་ཐོ་ལྟར་ན། ཉེ་བའི་ནང་རྒྱ་ནག་གི་གྲོང་ཁྱེར་དང་ས་ཁུལ་མང་པོའི་ནང་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་འཕར་བཞིན་པ་དང་། འདི་ཚེས་༡༥ཉིན་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་༡༥༥༢༡འཕར་འདུག
གནས་སྟངས་དེའི་འོག་རྒྱ་ནག་གི་ཏོག་དབྱིབས་ནད་ཡམས་རྩ་མེད་གཏོང་བ་ཟེར་བའི་སྲིད་ཇུས་དང་དམ་དྲག་འོག་མི་དམངས་ཀྱི་འཚོ་བ་དང་དཔལ་འབྱོར་སོགས་ལ་དཀའ་ངལ་ཆེན་པོ་འཕྲད་དང་འཕྲད་བཞིན་པ་རེད།
གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།