ཟི་ལིང་གྲོང་ཁྱེར་དུ་ཉིན་གཅིག་ནང་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་མི་གྲངས་༣༡༢གསར་དུ་འཕར་འདུག
འདས་བའི་ཉིན་གཉིས་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་༢༣འཕར་བ་དང་ཟི་ལིང་དུ་ཚེས་༡༣ཉིན་ནད་པ་མི་གྲངས་༣༡༢གསར་དུ་འཕར་འདུག
- 2022-11-14
-
-
-
བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༡༡།༡༤ཉིན་རྒྱབ་བར།
ས་གནས། | སྔར་ཡོད། | འཕར་བ། | ནད་རྟགས་ཅན། | ནད་རྟགས་མི་མངོན་པ། | ཁྱོན་བསྡོམས། |
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། | ༡༨༧༧༨ | ༦ | ༠ | ༦ | ༡༨༧༨༤ |
བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༡༡།༡༣ཉིན།
ས་གནས། | སྔར་ཡོད། | འཕར་བ། | ནད་རྟགས་ཅན། | ནད་རྟགས་མི་མངོན་པ། | ཁྱོན་བསྡོམས། |
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། | ༡༨༧༦༡ | ༡༧ | ༥ | ༡༢ | ༡༨༧༧༨ |
འདས་བའི་ཉིན་གཉིས་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་༢༣འཕར་བ་དང་ཟི་ལིང་དུ་ཚེས་༡༣ཉིན་ནད་པ་མི་གྲངས་༣༡༢གསར་དུ་འཕར་འདུག
ཉེ་བའི་ཟླ་བ་གསུམ་ལྷག་རིང་རྒྱ་ནག་གཞུང་གིས་འབོད་པའི་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས། བོད་ཀྱི་ས་ཁུལ་གང་སར་ཉིན་ལྟར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བྱུང་ནས། འདི་ཚེས་༡༤བར་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁྱོན་ནད་ཡམས་འགོས་ཁྱབ་བྱུང་བ་མི་གྲངས་༡༨༧༨༤ཟིན་འདུག་ལ། སྤྱི་ཟླ་༨པའི་འགོ་སྟོད་ནས་བོད་ཀྱི་རྒྱལ་ས་ལྷ་སར་ཁྱིམ་སྡོད་བཀག་རྒྱ་བསྡམས་ཡོད་པ་ད་ཆ་སྡེ་ཁུལ་དང་ས་ཁུལ་ཁག་ཅིག་ལ་རིམ་པས་གློད་བཞིན་ཡོད་ཀྱང་ད་དུང་ཡོངས་སུ་གློད་མེད་པ་རེད། ལྷ་སར་ཁྱིམ་སྡོད་བཀག་རྒྱ་བསྡམས་ནས་འདི་ཚེས་༡༤བར་ཉིན་གྲངས་༩༣ཕྱིན་ཡོད།
དེ་ལྟར་རྒྱ་ནག་གི་གཞུང་འབྲེལ་གསལ་བསྒྲགས་ནང་། འདི་ཚེས་༡༤ཉིན་གྱི་ཉིན་རྒྱབ་བར་བོད་རང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཡོད་མཁན་ཐོན་མེད་ན་ཡང་། ནད་རྟགས་མ་མངོན་པ་༦ཐོན་པ་ལྷ་ས་གྲོང་ཁྱེར་དུ་༢དང་། ཆབ་མདོ་རུ་༢། མངའ་རིས་ས་ཁུལ་དུ་༢བཅས་འཕར་འདུག དེའི་སྔར་ཉིན་ཚེས་༡༣ཉིན་ནད་རྟགས་ཅན་༥དང་ནད་རྟགས་མ་མངོན་པ་༡༢བཅས་མང་དུ་ཕྱིན་ཡོད་འདུག
གཞན་ད་སྐབས་ཁྱིམ་སྡོད་བཀག་རྒྱ་བསྡམས་ཡོད་པ། བོད་མི་མང་པོ་གནས་ཡུལ་ཟི་ལིང་གྲོང་ཁྱེར་ནང་འདི་ཚེས་༡༣ཉིན་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་༣༡༢གསར་དུ་འཕར་ནས་གཏན་འཁེལ་སྨན་ཁང་དུ་བསྐྱལ་ཟིན་པ། ཟི་ལིང་གྲོང་ཁྱེར་གྱི་ཏོག་དབྱིབས་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བཀོད་འདོམས་ལས་ཁུངས་ཀྱིས་བསྒྲགས་འདུག ཡིན་ན་ཡང་ཁྱིམ་སྡོད་བཀག་རྒྱ་བསྡམས་ཡོད་པ་སོགས་ས་གནས་ཀྱི་གནས་ཚུལ་ཞིབ་ཕྲ་གང་ཡང་སྤེལ་མི་འདུག
དེ་བཞིན་རྒྱ་ནག་གི་རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ལྷན་ཁང་གི་ཕྱིར་བསྒྲགས་གྲངས་ཐོ་ལྟར་ན། འདི་ཚེས་༡༤རེས་གཟའ་ཟླ་བའི་ཉིན་གཅིག་པུར་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གསར་པ་༡༦༠༧༢བྱུང་ནས་རེས་གཟའ་ཉི་མའི་གྲངས་འབོར་ལས་མང་བ་བྱུང་བ་དང་། དེ་ནི་ཉེ་ལམ་སྤྱི་ཟླ་༤བ་ནས་ཉིན་རེའི་གྲངས་འབོར་མང་ཤོས་ཆགས་ཡོད་པ་དང་། རྒྱ་ནག་གི་ཏོག་དབྱིབས་ནད་ཡམས་རྩ་མེད་གཏོང་བ་ཟེར་བའི་སྲིད་ཇུས་དང་དམ་དྲག་འོག་མི་དམངས་ཀྱི་འཚོ་བ་དང་དཔལ་འབྱོར་སོགས་ལ་དཀའ་ངལ་ཆེན་པོ་འཕྲད་དང་འཕྲད་བཞིན་པ་རེད།
གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།