ལྷ་སར་ལུས་བསྡད་ཡོད་པའི་ས་ཁུལ་གཞན་གྱི་བོད་མི་ཚོ་སོ་སོའི་ས་ཁུལ་དུ་ལོག་ཆོག་པ་བརྗོད་འདུག་ཡིན་ཡང་ཞིབ་ཕྲ་མི་འདུག

ལྷ་སར་ཁྱིམ་སྡོད་བཀག་རྒྱ་བསྡམས་ནས་ཉིན་གྲངས་༨༠འགོར་རྗེས་ལྷ་སར་ལུས་བསྡད་ཡོད་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་གཞན་གྱི་བོད་མི་ཚོ་ད་ཆ་ཕྱིར་སོ་སོའི་ཕ་ཡུལ་དུ་ལོག་ཆོག་པ་རྒྱ་ནག་གཞུང་གིས་བརྗོད་འདུག

སྤྱི་ཚོགས་དྲ་ལམ།

བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༡༠།༣༡ཉིན་རྒྱབ་བར།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། ༡༨༦༥༡ ༡༨༦༥༣

བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༡༠།༣༠ཉིན།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། ༡༨༦༤༧ ༡༨༦༥༡

ཕྱི་ཟླ་༡༠ཚེས་༢༦ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་པས་གཞུང་ཕྱོགས་ནས་དུས་ཡུན་ཟླ་བ་གསུམ་ལ་ཉེ་བར་ཁྱིམ་སྡོད་བཀག་རྒྱ་བསྡམས་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་བརྟེན། ཚེས་༢༧ཉིན་ནས་ལྷ་སར་ལུས་བསྡད་ཡོད་པའི་རྒྱ་མི་ཚོ་རྒྱ་ནག་ལ་ཕྱིར་ལོག་ཆོག་པ་བཟོས་ཤིང་། ཚེས་༣༡ཉིན་གཞི་ནས་ལྷ་སར་ལས་ཀ་འཚོལ་བར་ཡོང་མཁན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་བོད་མི་ཚོ་ཕྱིར་སོ་སོའི་ཡུལ་དུ་ལོག་ཆོག་པའི་གསལ་བསྒྲགས་བྱས་འདུག
ཚེས་༣༡རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་ཕྱོགས་ཀྱི་བརྒྱུད་ལམ་ཁག་ནས་གསལ་བསྒྲགས་བྱས་པར་གཞིགས་ན། བོད་ཀྱི་ས་ཁུལ་གཞན་ནས་ལྷ་སར་འབྱོར་རྗེས་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་ཁྱིམ་སྡོད་བཀའ་རྒྱ་བསྡམས་པའི་དབང་གིས་རང་རང་སོ་སོའི་ས་ཁུལ་དུ་ལོག་མ་ཐུབ་པར་ལུས་པའི་བོད་མི་ཚོ་སོ་སོའི་ས་གནས་སུ་ལོག་ཐུབ་པ་དང་། སོ་སོའི་ལས་གནས་སུ་ལོག་ཐུབ་པ་མང་ཚོགས་དུས་ཐོག་ཏུ་ལྷ་ས་ནས་ཕ་ཡུལ་དུ་ལོག་ཐུབ་པ། ལས་གནས་སུ་ལོག་ཐུབ་རྒྱུར་བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་ས་ཁུལ་ལམ་གྲོང་ཁྱེར་དུ་གོ་རིམ་ལྡན་པའི་ལས་དོན་སྤེལ་ཆེད། ལྷ་ས་གྲོང་ཁྱེར་གྱིས་ད་ལྟ་ལྷ་ས་གྲོང་ཁུལ་ནས་ས་ཁུལ་གཞན་དག་ཏུ་འགྲོ་མི་སྐྱེལ་མཁན་ལས་དོན་པའི་འབྲེལ་གཏུག་ཁ་པར་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་བརྗོད་འདུག འོན་ཀྱང་ལས་དོན་སྤེལ་ཕྱོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་བཀོད་སྤེལ་བྱས་མིན་འདུག་ལ། བོད་ཀྱི་རྒྱལ་ས་ལྷ་སར་ལུས་བསྡད་ཡོད་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་གཞན་གྱི་བོད་མི་ཚོ་ཕྱིར་ལོག་བྱེད་ཕྱོགས་ཐད་གནས་ཚུལ་གང་ཡང་བཀོད་མེད་པ་རེད།
བོད་པའི་སློབ་ཕྲུག་མང་པོ་ཞིག་རྒྱ་ནག་གི་སློབ་གྲྭ་ཁག་ནང་སློབ་སྦྱོང་བྱེད་མཁན་ཡོད་ཅིང་། བོད་པའི་སློབ་ཕྲུག་དེ་རིགས་ཕྱི་ཟླ་༩ནང་རྒྱ་ནག་ཏུ་རང་རང་སོ་སོའི་སློབ་འབྲིང་དང་སློབ་གྲྭ་ཆེན་མོ་སོགས་སུ་དམིགས་བསལ་གནས་བབས་ཀྱི་ཐོག་ནས་གཏོང་རྒྱུ་ཡིན་ལུགས་བརྗོད་འདུག་ཀྱང་། ད་བར་ལག་བསྟར་བྱས་མེད་པ་གནས་ཚུལ་འདིའི་ཐད་རྒྱས་མངའ་ཡོད་མཁན་བོད་ནས་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
ཕྱི་ཚེས་༣༡ཉིན་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས། བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་གཞན་ནས་སླེབས་ཏེ་ལྷ་སར་ལུས་པའི་བོད་མི་ཚོ་སོ་སོའི་ས་གནས་སུ་ཕྱིར་ལོག་བྱེད་ཆོག་ལུགས་བརྗོད་པ་དེའི་ཁོངས་སུ་གཞིས་རྩེ་དང་ཀོང་པོ། ལྷོ་ཁ། ནག་ཆུ། ཆབ་མདོ། མངའ་རིས་སོགས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་ས་གནས་ཁག་རེད་འདུག སོ་སོའི་ས་གནས་སུ་ཕྱིར་ལོག་བྱེད་འདོད་པ་ཚོས་སྔོན་ལ་རང་སོ་སོའི་ཁོངས་གཏོགས་ཀྱི་འབྲེལ་གཏུག་མི་སྣའི་ཁ་པར་ཨང་གྲངས་ཐོག་ནས་འབྲེལ་བ་བྱ་དགོས་པ་ལས་རང་དབང་ངང་སྐྱོད་ཆོག་གི་མེད་པ་ཡིན་འདུག
ཕྱི་ཟླ་༡༠ཚེས་༢༩ཉིན་གཞིས་ཀ་རྩེ་དང་རྒྱང་རྩེའི་ཁུལ་དུ་རིམས་ནད་ཀྱི་ཁྱིམ་སྡོད་བཀག་རྒྱ་ལྷོད་དུ་གཏོང་རྒྱུའི་གསལ་བསྒྲགས་བྱས་ཡོད་ཀྱང་། ལྷ་སར་ད་དུང་ཉིན་གྲངས་༣རིང་ཁྱིམ་སྡོད་བཀག་རྒྱའི་དམ་དྲག་མུ་འཐུད་བྱེད་རྒྱུ་གཞུང་ཕྱོགས་ནས་གསལ་བསྒྲགས་བྱས་ཡོད་པ་བོད་ནས་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་། གཞུང་ཕྱོགས་ནས་ལྷ་ས་དམ་དྲག་འོག་མུ་འཐུད་འཇོག་རྒྱུའི་ཐག་གཅོད་བྱས་པའི་རྒྱུ་མཚན་ཇི་ཡིན་ཤེས་རྟོགས་མེད་པ་བོད་མི་དེ་དག་གིས་བརྗོད་ཀྱི་འདུག
ཉེ་བའི་ཟླ་བ་གཉིས་ལྷག་རིང་རྒྱ་ནག་གཞུང་གིས་འབོད་པའི་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས། བོད་ཀྱི་ས་ཁུལ་གང་སར་ཉིན་ལྟར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བྱུང་ནས། འདི་ཚེས་༣༡བར་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁྱོན་ནད་ཡམས་འགོས་ཁྱབ་བྱུང་བ་མི་གྲངས་༡༨༦༥༣ཟིན་འདུག་ལ་བོད་ཀྱི་རྒྱལ་ས་ལྷ་སར་ཁྱིམ་སྡོད་བཀག་རྒྱ་བསྡམས་ནས་འདི་ཚེས་༣༡བར་ཉིན་གྲངས་༨༠ཕྱིན་ཡོད།
རྒྱ་ནག་གི་གཞུང་འབྲེལ་གྱི་གསལ་བསྒྲགས་ནང་། འདི་ཚེས་༣༡ཉིན་གྱི་ཉིན་རྒྱབ་བར་བོད་རང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཡོད་ཐོན་མེད་ན་ཡང་། ནད་རྟགས་མ་མངོན་པ་༢ཐོན་པ་ལྷ་ས་གྲོང་ཁྱེར་དུ་ཡོད་འདུག
གཞན་འདི་ཚེས་༢༩ཉིན་གྱི་ཆུ་ཚོད་༢༤རིང་། མཚོ་སྔོན་མཚོ་བྱང་ཁུལ་དུ་ནད་རྟགས་མི་མངོན་པའི་ནད་པ་༣༣བྱུང་ཡོད་པ་དང་། དེ་དག་འཇུ་ལག་རྫོང་གི་ལོགས་བཀར་ཟུར་བཀག་མི་སྣས་ཁྲོད་ནས་ཤེས་རྟོགས་བྱུང་བ་དང་། དེ་བཞིན་ད་སྐབས་ཁྱིམ་སྡོད་བཀག་རྒྱ་བསྡམས་ཡོད་པ། བོད་མི་མང་པོ་གནས་ཡུལ་ཟི་ལིང་གྲོང་ཁྱེར་ནང་འདི་ཚེས་༢༨ཉིན། ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་མ་མངོན་པའི་ནད་པ་༧༠གསར་དུ་འཕར་ནས་གཏན་འཁེལ་སྨན་ཁང་དུ་བསྐྱལ་ཟིན་པ་ཟི་ལིང་གྲོང་ཁྱེར་གྱི་ཏོག་དབྱིབས་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བཀོད་འདོམས་ལས་ཁུངས་ཀྱིས་བསྒྲགས་འདུག

གསར་འགོད་པ། སྐལ་ལྡན་བློ་གྲོས། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org