ལྷ་སར་ཁྱིམ་སྡོད་བཀག་རྒྱ་བསྡམས་ནས་ཉིན་གྲངས་༧༦འགོར་ཡོད་པ་དང་ཟི་ལིང་དུ་ནད་པ་༧༥འཕར་འདུག
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་སྡོམ་འབོར་༡༨༦༣༨ཟིན་འདུག་ལ་ཟི་ལིང་གྲོང་ཁྱེར་དུ་མུ་མཐུད་དུ་ནད་པའི་གྲངས་འབོར་འཕར་བཞིན་འདུག
- 2022-10-27
-
-
-
བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༡༠།༢༧ཉིན་རྒྱབ་བར།
ས་གནས། | སྔར་ཡོད། | འཕར་བ། | ནད་རྟགས་ཅན། | ནད་རྟགས་མི་མངོན་པ། | ཁྱོན་བསྡོམས། |
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། | ༡༨༦༣༦ | ༢ | ༠ | ༢ | ༡༨༦༣༨ |
བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༡༠།༢༦ཉིན།
ས་གནས། | སྔར་ཡོད། | འཕར་བ། | ནད་རྟགས་ཅན། | ནད་རྟགས་མི་མངོན་པ། | ཁྱོན་བསྡོམས། |
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། | ༡༨༦༢༨ | ༨ | ༢ | ༦ | ༡༨༦༣༦ |
ཉེ་བའི་ཟླ་བ་གཉིས་ལྷག་རིང་རྒྱ་ནག་གཞུང་གིས་འབོད་པའི་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས། བོད་ཀྱི་ས་ཁུལ་གང་སར་ཉིན་ལྟར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བྱུང་ནས། འདི་ཚེས་༢༧བར་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁྱོན་ནད་ཡམས་འགོས་ཁྱབ་བྱུང་བ་མི་གྲངས་༡༨༦༣༨ཟིན་འདུག་ལ་བོད་ཀྱི་རྒྱལ་ས་ལྷ་སར་ཁྱིམ་སྡོད་བཀག་རྒྱ་བསྡམས་ནས་འདི་ཚེས་༢༧བར་ཉིན་གྲངས་༧༦ཕྱིན་ཡོད།
རྒྱ་ནག་གི་གཞུང་འབྲེལ་གྱི་གསལ་བསྒྲགས་ནང་། འདི་ཚེས་༢༧ཉིན་གྱི་ཉིན་རྒྱབ་བར་བོད་རང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཡོད་ཐོན་མེད་ན་ཡང་། ནད་རྟགས་མ་མངོན་པ་༢ཐོན་པ་ལྷ་ས་གྲོང་ཁྱེར་དུ་ཡོད་འདུག
གསལ་བསྒྲགས་ནང་། ད་སྐབས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ནད་ཡམས་འགོས་ཁྱབ་ཀྱི་ཉེན་ཁ་ཆེ་ཁུལ་དང་འབྲིང་ཁུལ་ས་གནས་མེད་པ་གསལ་འདུག་མོད། ཁྱིམ་སྡོད་བཀག་རྒྱ་ད་དུང་ཡོངས་སུ་ལྷོད་མི་འདུག
ཉེ་ལམ་སྤྱི་ཟླ་༨པའི་འགོ་སྟོད་ནས་བཟུང་། བོད་རང་སྐྱོང་ལྗོངས་ཟེར་བས་མཚོན་བོད་ཀྱི་ས་ཁུལ་ཁག་ཏུ་(Covid-19)་ཏོག་དབྱིབས་རིམས་ནད་རྣམ་པ་འགྱུར་བ་(Omicron)་ཟེར་བ་འགོས་ཁྱབ་ཤུགས་ཆེར་སོང་བ་དང་བསྟུན། བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གཞུང་གིས་ཡོངས་སུ་ཁྱིམ་སྡོད་བཀག་རྒྱ་བསྡམས་ནས་ད་བར་ཉིན་གྲངས་༧༦ཕྱིན་པའི་རིང་། རྒྱ་ནག་གཞུང་གིས་ས་གནས་སུ་ནད་ཡམས་རྩ་མེད་བཟོ་བ་ཟེར་བའི་སྲིད་ཇུས་ལག་བསྟར་བྱས་ནས་ས་གནས་གང་སར་ཕྱོགས་འདྲ་མིན་ནས་དམ་དྲག་དང་བཀག་སྡོམ་བྱས་ཡོད་རྐྱེན། མི་དམངས་ཀྱི་ལུས་སེམས་གཉིས་ལ་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་པ་དང་། འདི་ཚེས་༢༦ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ལྟ་བུར་མཚོན་ན། ལྷ་སའི་གཞིས་ཁུལ་གཉིས་ཙམ་གྱི་ནང་རྒྱ་མི་གཙོས་བོད་མི་སོགས་མང་པོ་ཕྱི་ལ་ཐོན་ནས་གཞུང་གི་བཀག་སྡོམ་དམ་དྲག་ལ་ངོ་རྒོལ་གྱི་རྣམ་པ་བསྟན་ཡོད།
ས་གནས་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ལྷ་སར་ཁྱིམ་སྡོད་བཀག་རྒྱ་ད་དུང་ཡང་གློད་མེད་ན་ཡང་། ཉིན་ཤས་གོང་ནས་བཀག་རྒྱ་དེ་ཅུང་ལྷོད་དུ་བཏང་ནས་ལྷ་ས་གྲོང་ཁྱེར་གྱི་ས་གནས་ཁག་ཅིག་ནང་ཁྱིམ་ཚང་རེ་ནས་མི་རེ་ཆུ་ཚོད་གཅིག་རེ་ཕྱི་ལ་འགྲོ་བསྐྱོད་ཆོག་པ་བཟོས་འདུག ཡིན་ན་ཡང་དེ་ལ་ཕྱིར་ཐོན་ཐོ་འགོད་ལག་འཁྱེར་སྤྲད་པ་གཞིར་བཟུང་སོ་སོ་གནས་སྡོད་བྱེད་སའི་གྲོང་ཁུལ་མ་གཏོགས་གཞན་ལ་བསྐྱོད་ཆོག་གི་མེད་པར་མུ་མཐུད་དུ་དམ་དྲག་ཡོད་པ་བརྗོད་བྱུང་།
དེ་བཞིན་ད་སྐབས་ཁྱིམ་སྡོད་བཀག་རྒྱ་བསྡམས་ཡོད་པ། བོད་མི་མང་པོ་གནས་ཡུལ་ཟི་ལིང་གྲོང་ཁྱེར་ནང་འདི་ཚེས་༢༧ཉིན། ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་མ་མངོན་པའི་ནད་པ་༧༥གསར་དུ་འཕར་ནས་གཏན་འཁེལ་སྨན་ཁང་དུ་བསྐྱལ་ཟིན་པ་ཟི་ལིང་གྲོང་ཁྱེར་གྱི་ཏོག་དབྱིབས་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བཀོད་འདོམས་ལས་ཁུངས་ཀྱིས་བསྒྲགས་འདུག
གཞན་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བར་ལྟར་ན། རྒྱ་ནག་གཞུང་འབྲེལ་གྲངས་ཐོའི་ནང་སྤྱི་ཚེས་༢༦ཉིན་རྒྱ་ནག་ནང་ཁྱོན་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གསར་པ་༡༢༦༤འཕར་ཡོད་པ་དང་། སྤྱི་ཚེས་༢༦བར་རྒྱ་ནག་རྒྱལ་ཡོངས་སུ་ཁྱོན་ནད་པ་༢༥༨༣༩༨་ཟིན་པ་དང་། དེའི་ཁྲོད་ཁྱོན་མི་གྲངས་༥༢༢༥རྐྱེན་འདས་སུ་ཕྱིན་ཡོད་འདུག
གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།