ཚེས་༡༤ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་འགོས་བ་གཅིག་ཀྱང་བྱུང་མེད་པ་བསྒྲགས་འདུག་ཀྱང་ཁྱིམ་སྡོད་བཀག་རྒྱ་གློད་མི་འདུག
ཚེས་༡༤ཉིན་ཉིན་རྒྱབ་བར་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་མི་གཅིག་ཀྱང་བྱུང་མེད་པ་བསྒྲགས་འདུག་ཀྱང་ཁྱིམ་སྡོད་བཀག་རྒྱ་བསྡམས་པ་ད་དུང་གློད་མི་འདུག
- 2022-10-14
-
-
-
བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༡༠།༡༤ཉིན་རྒྱབ་བར།
ས་གནས། | སྔར་ཡོད། | འཕར་བ། | ནད་རྟགས་ཅན། | ནད་རྟགས་མི་མངོན་པ། | ཁྱོན་བསྡོམས། |
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། | ༡༨༥༧༡ | ༠ | ༠ | ༠ | ༡༨༥༧༡ |
བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༡༠།༡༣ཉིན།
ས་གནས། | སྔར་ཡོད། | འཕར་བ། | ནད་རྟགས་ཅན། | ནད་རྟགས་མི་མངོན་པ། | ཁྱོན་བསྡོམས། |
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། | ༡༨༥༦༣ | ༨ | ༠ | ༨ | ༡༨༥༧༡ |
ཚེས་༡༤ཉིན་ཉིན་རྒྱབ་བར་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་མི་གཅིག་ཀྱང་བྱུང་མེད་པ་བསྒྲགས་འདུག་ཀྱང་ཁྱིམ་སྡོད་བཀག་རྒྱ་བསྡམས་པ་ད་དུང་གློད་མི་འདུག
ཉེ་བའི་ཟླ་བ་གཉིས་ལྷག་རིང་རྒྱ་ནག་གཞུང་གིས་འབོད་པའི་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་བོད་ཀྱི་ས་ཁུལ་གང་སར་ཉིན་ལྟར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བྱུང་ནས། འདི་༡༣་བར་རྒྱ་ནག་གཞུང་འབྲེལ་གྱི་བསྡོམས་འབོར་ལྟར་ན་ཁྱོན་ནད་ཡམས་འགོས་ཁྱབ་བྱུང་བ་མི་གྲངས་༡༨༥༧༡ཟིན་ཡོད་ལ་བོད་ཀྱི་རྒྱལ་ས་ལྷ་སར་ཁྱིམ་སྡོད་བཀག་རྒྱ་བསྡམས་ནས་འདི་ཚེས་༡༤བར་ཉིན་གྲངས་༦༣ཕྱིན་ཡོད།
རྒྱ་ནག་གི་གཞུང་འབྲེལ་གསལ་བསྒྲགས་ནང་། འདི་ཚེས་༡༤ཉིན་ཉིན་རྒྱབ་བར་བོད་རང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཡོད་པ་དང་མེད་པ་གཅིག་ཀྱང་ཐོན་མེད་པ་བསྒྲགས་འདུག་མོད། ཡིན་ན་ཡང་ནད་ཡམས་འགོས་ཁྱབ་ཀྱི་ཉེན་ཁ་འབྲིང་ཁུལ་ས་གནས་ཁག་༡༠ཡོད་པ་བསྒྲགས་འདུག་ལ་ཁྱིམ་སྡོད་བཀག་རྒྱ་གློད་མི་འདུག འདི་ནི་འདས་བའི་ཟླ་བ་གཉིས་ལྷག་རིང་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་ཡམས་འགོས་བའི་མི་གཅིག་ཀྱང་བྱུང་མེད་པ་བསྒྲགས་པ་ཐོག་མ་དེ་ཡིན་པ་རེད།
ས་གནས་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ལྷ་སར་ཁྱིམ་སྡོད་བཀག་རྒྱ་ད་དུང་ཡང་གློད་མེད་ན་ཡང་། ཉིན་ཤས་གོང་ནས་བཀག་རྒྱ་དེ་ཅུང་ལྷོད་དུ་བཏང་ནས་ལྷ་ས་གྲོང་ཁྱེར་གྱི་ས་གནས་ཁག་ཅིག་ནང་ཁྱིམ་ཚང་རེ་ནས་མི་རེ་ཆུ་ཚོད་གཅིག་རེ་ཕྱི་ལ་འགྲོ་བསྐྱོད་ཆོག་པ་བཟོས་འདུག ཡིན་ན་ཡང་དེ་ལ་ཕྱིར་ཐོན་ཐོ་འགོད་ལག་འཁྱེར་སྤྲད་པ་གཞིར་བཟུང་སོ་སོ་གནས་སྡོད་བྱེད་སའི་གྲོང་ཁུལ་མ་གཏོགས་གཞན་ལ་བསྐྱོད་ཆོག་གི་མེད་པར་མུ་མཐུད་དུ་དམ་དྲག་ཡོད་པ་བརྗོད་བྱུང་།
དེའི་ཐད་ནད་ཡམས་དཔྱད་རིག་པ་སྨན་པ་སྐྱུ་ལོ་རྣམ་རྒྱལ་ལྷ་དབང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ནད་ཡམས་དཔྱད་རིག་གི་ཐོག་ནས་བཤད་ན། སྤྱིར་ཏོག་དབྱིབས་ནད་ཡམས་དེ་ད་སྐབས་འཛམ་གླིང་སྤྱི་ཡོངས་སུ་ཇེ་ཉུང་དུ་འགྲོ་བཞིན་ཡོད། ཡིན་ན་ཡང་འཛམ་གླིང་འདིར་ཏོག་དབྱིབས་ནད་ཡམས་རྩ་མེད་ཆགས་མི་ཐུབ་པར་རྒྱུན་རིང་ལྷག་ངེས་བའི་ཚོད་དཔག་བྱེད་བཞིན་ཡོད་པས། མུ་མཐུད་འཕྲོད་བསྟེན་ལ་དོ་སྣང་དང་གཟབ་ནན་བྱེད་དགོས། དེ་བས་བོད་དང་ས་ཁུལ་གཞན་གང་དུ་ཡང་ནད་ཡམས་རྩ་བ་ནས་མེད་པར་གྱུར་བ་རེད་ཟེར་ན་ང་ཚོའི་ལྟ་སྟངས་ལ་ཏག་ཏག་ཞིག་མེད་པ་མཐོང་གི་འདུག་ཅེས་གསུང་བྱུང་།
གནད་དོན་དབྱེ་ཞིབ་པས་གསར་ལམ་ཁག་ལ་བརྗོད་ན། རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་གཙོས་རྒྱ་ནག་གི་ས་གནས་གང་སར་ནད་ཡམས་རྩ་མེད་བཟོ་བ་ཟེར་བའི་སྲིད་ཇུས་ལག་བསྟར་བྱས་ནས་ཚད་ལས་བརྒལ་བའི་དམ་དྲག་དང་བཀག་སྡོམ་བྱེད་བཞིན་པ་ནི། ནད་ཡམས་ཀྱི་གནད་དོན་གཅིག་པོ་མ་ཡིན་པར་རྒྱ་ནག་དམར་ཤོག་ཏང་གི་ཚོགས་ཆེན་འཚོག་ལ་ཉེ་བར་བརྟེན་ཆབ་སྲིད་ཀྱི་ངོ་རྒོལ་ཟིང་འཁྲུག་རིགས་འགོག་ཐབས་སུ་བེད་སྤྱོད་གཏོང་བཞིན་པ་ཚོད་དཔག་བྱས་ནས་སྐྱོན་བརྗོད་བྱེད་མཁན་ཡང་བྱུང་ཡོད།
རྒྱ་ནག་དམར་ཤོག་ཏང་གི་ཚོགས་ཆེན་ཐེངས་༢༠པ་དེ་ཕྱི་ཟླ་༡༠ཚེས་༡༦གཟའ་ཉི་མ་ནས་ཉིན་གྲངས་བཅུའི་རིང་པེ་ཅིང་དུ་འཚོག་གཏན་འཁེལ་ཡོད་པ་རེད།
གསར་འགོད་པ། ཀླུ་འབུམ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།