ཚེས་༣ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་མི་གྲངས་༡༣ཐོན་འདུག

ཚེས་༣ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༡༣འཕར་ནས་ད་བར་བསྡོམས་འབོར་མི་གྲངས་ཆིག་ཁྲི་བརྒྱད་སྟོང་ཉིས་བརྒྱ་བརྒལ་འདུག

ལྷ་སར་ཏོག་དབྱིབས་རིམས་ནད་འགོས་ཁྱབ་སྐབས་ཀྱི་ཟུར་བཀག་ཁང་ཞིག་གི་ནང་། ༠༩།༢༠༢༢ སྤྱི་ཚོགས་དྲ་ལམ།

བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༡༠།༣ཉིན་རྒྱབ་བར།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། ༡༨༢༣༣ ༡༣ ༡༣ ༡༨༢༤༦

བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༡༠།༢ཉིན།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། ༡༨༡༨༤ ༤༩ ༤༣ ༡༨༢༣༣

ཚེས་༣ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༡༣འཕར་ནས་ད་བར་བསྡོམས་འབོར་མི་གྲངས་ཆིག་ཁྲི་བརྒྱད་སྟོང་ཉིས་བརྒྱ་བརྒལ་འདུག
རྒྱ་ནག་གཞུང་གིས་འབོད་པའི་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་བོད་ཀྱི་ས་ཁུལ་གང་སར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གྲངས་འབོར་མུ་མཐུད་དུ་འཕར་བཞིན་པ་དང་། འདི་ཚེས་༣ཉིན་གྱི་ཉིན་རྒྱབ་བར། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་འགོས་ཡོད་པའི་ནད་རྟགས་ཅན་ཐོན་མེད་ན་ཡང་། ནད་རྟགས་མ་མངོན་པའི་ནད་པ་༡༣མང་དུ་ཕྱིན་ཡོད་པ་རྣམས་ལྷ་ས་གྲོང་ཁྱེར་དུ་ཡོད་འདུག གཞན་དེའི་སྔར་ཉིན་སྤྱི་ཚེས་༢ཉིན་གྱི་ཆུ་ཚོད་ཉེར་བཞིའི་རིང་། བོད་རང་སྐྱོང་ལྗོངས་ཟེར་བ་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཕོག་པ་ནད་རྟགས་ཅན་༦མང་དུ་ཕྱིན་ཡོད་པ་དང་། ནད་རྟགས་མེད་པའི་ནད་པ་༤༣མང་དུ་ཕྱིན་ཡོད་པ་ནས་མང་པོ་ཞིག་ལོགས་བཀར་ལྟ་སྡོམ་ཁུལ་ནས་ཤེས་རྟོགས་བྱུང་བ། བོད་རང་སྐྱོང་ལྗོངས་ཟེར་བའི་གཞུང་འབྲེལ་གསར་ལམ་གྱིས་བསྒྲགས་འདུག་པ་ལྟར། ནད་ཡམས་འགོས་ཁྱབ་བྱུང་བ་ནས་བསྡོམས་རྩིས་བྱས་ན་འདི་ཚེས་༣ཉིན་གྱི་ཉིན་རྒྱབ་ཆུ་ཚོད་གཉིས་བ་བར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༡༨༢༤༦ཟིན་འདུག་ལ། དེའི་ཁྲོད་ནས་མང་པོ་ཞིག་དྲག་སྐྱེད་བྱུང་ནས་ས་ཁུལ་འདྲ་མིན་གྱི་ལོགས་བཀར་སྨན་ཁང་ནས་ཐོན་དང་ཐོན་བཞིན་པ་ཡང་བསྒྲགས་འདུག
དེ་ལྟར་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ལྟར། ད་དུང་ཡང་འདི་ཚེས་༣ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ནད་ཡམས་ཁྱབ་གདལ་གྱི་ཉེན་ཁ་ཆེ་ཁུལ་ས་གནས་༡དང་། ཉེན་ཁ་འབྲིང་ཁུལ་༤༡ཡོད་པ་བསྒྲགས་འདུག་ལ། ནད་པ་དང་ཕྱོགས་འདྲ་མིན་ནས་འབྲེལ་འདྲིས་བྱུང་བ་མི་གྲངས་ཁྲི་ཚོ་བརྒལ་བ་ད་དུང་གཅིག་བསྡུས་ཐོག་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་བཞིན་ཡོད་འདུག
བོད་རང་སྐྱོང་ལྗོངས་ཟེར་བས་མཚོན་བོད་ཀྱི་ས་ཁུལ་ཁག་ཏུ་(Covid-19)་ཏོག་དབྱིབས་རིམས་ནད་རྣམ་པ་འགྱུར་བ་(Omicron)་ཟེར་བ་འགོས་ཁྱབ་ཤུགས་ཆེར་འགྲོ་བཞིན་ཡོད་པ་དང་བསྟུན། བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གཞུང་གིས་ཡོངས་སུ་ཁྱིམ་སྡོད་བཀག་རྒྱ་བསྡམས་ནས་ཉིན་གྲངས་༥༢འགྲོ་བཞིན་ཡོད་པ་དང་། དེའི་རིང་རྒྱ་ནག་གཞུང་གིས་ས་གནས་སུ་ནད་ཡམས་རྩ་མེད་བཟོ་བའི་སྲིད་ཇུས་ལག་བསྟར་བྱས་ནས་ས་གནས་གང་སར་ཕྱོགས་འདྲ་མིན་ནས་དམ་དྲག་དང་བཀག་སྡོམ་བྱས་ཡོད་རྐྱེན། ཁ་གསལ་ཡོད་མིན་ལ་མ་བལྟོས་བར་འདི་ག་རླུང་འཕྲིན་ཁང་གིས་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་བཏོན་པ་ཙམ་ལས། དོན་དངོས་བོད་ཀྱི་ས་ཁུལ་སྤྱི་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་པའི་གྲངས་འབོར་དང་དངོས་ཡོད་གནས་སྟངས་གསལ་བོ་རག་ཁག་པོ་ཡོད་པ་དང་། ས་གནས་བོད་མིའི་ཁྲོད་ནད་པའི་གྲངས་འབོར་དེ་གཞུང་གིས་བསྒྲགས་པ་ལས་ལྡབ་མང་པོ་མང་བ་ཡོད་པ་བརྗོད་མཁན་འདུག་ལ། ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་ཡུན་རིང་ཁྱིམ་སྡོད་བཀག་རྒྱ་བསྡམས་པ་དང་། དམ་དྲག་གི་དབང་གིས་ཕྱོགས་མང་པོར་དཀའ་ངལ་འཕྲད་ནས་བོད་ནང་སེམས་མ་སྐྱིད་པར་ཡིད་མུག་པའི་ནད་ཕོག་མཁན་དང་། རང་ཤི་རྒྱག་མཁན་ཡང་བྱུང་བཞིན་ཡོད་འདུག
གཞན་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཚེས་༣ཉིན་རྒྱ་ནག་དབུས་འཕྲོད་བསྟེན་བདེ་ཐང་ལྷན་ཁང་གིས་བསྒྲགས་པའི་གྲངས་ཐོ་ལྟར་ན། སྤྱི་ཟླ་༡༠ཚེས་༢ཉིན་རྒྱ་ནག་རྒྱལ་ཡོངས་སུ་ཁྱོན་ཏོག་དབྱིབས་རིམས་ནད་འགོད་པའི་ནད་པ་༨༡༠འཕར་བ་བསྒྲགས་ཡོད་པ་དེ་ནི་དེའི་སྔར་ཉིན་དང་བསྡུར་ན་༩༡མང་བ་བྱུང་འདུག

གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org