འདི་ཚེས་གཅིག་ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་མི་གྲངས་༢༣༣བྱུང་འདུག

འདི་ཚེས་༡ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༢༣༣འཕར་ནས་ད་བར་བསྡོམས་འབོར་མི་གྲངས་ཁྲི་གཅིག་དང་གཅིག་སྟོང་བརྒལ་འདུག་ལ་མང་པོ་ཞིག་སྨན་ཁང་ནས་ཐོན་འདུག

ལྷ་སར་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་ཟུར་བཀག་ཁང་ཞིག ༠༨།༢༠༢༢ སྤྱི་ཚོགས་དྲ་ལམ།

བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༠༩།༡ཉིན་རྒྱབ་བར།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། ༡༠༩༦༩ ༢༣༣ ༢༦ ༢༠༧ ༡༡༢༠༢

བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༠༨།༣༡ཉིན།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། ༡༠༢༩༥ ༦༧༤ ༥༣ ༦༢༡ ༡༠༩༦༩


བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་བོད་ཀྱི་ས་ཁུལ་གང་སར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གྲངས་འབོར་མུ་མཐུད་དུ་འཕར་བཞིན་པ་དང་། འདི་ཚེས་༡ཉིན་གྱི་ཉིན་རྒྱབ་བར། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་ནད་རྟགས་ཅན་༢༦མང་དུ་ཕྱིན་པའི་ཁྲོད་ནས་ལྷ་ས་གྲོང་ཁྱེར་དུ་༦དང་། ཉིང་ཁྲི་གྲོང་ཁྱེར་དུ་༡༣། ཆབ་མདོ་གྲོང་ཁྱེར་དུ་༡༣། ནག་ཆུ་གྲོང་ཁྱེར་དུ་༦བཅས་ཐོན་ཡོད་པ་དང་། ནད་རྟགས་མི་མངོན་པའི་ནད་པ་༢༠༧མང་དུ་ཕྱིན་པའི་ཁྲོད་ནས། ལྷ་ས་གྲོང་ཁྱེར་དུ་༩༦དང་། གཞིས་ཀ་རྩེ་གྲོང་ཁྱེར་དུ་༡༣། ཆབ་མདོ་གྲོང་ཁྱེར་དུ་༢། ནག་ཆུ་གྲོང་ཁྱེར་དུ་༧༩། མངའ་རིས་ས་ཁུལ་དུ་༡༧བཅས་ཐོན་འདུག གཞན་དེའི་སྔར་ཉིན་སྤྱི་ཚེས་༣༡ཉིན་གྱི་ཆུ་ཚོད་ཉེར་བཞིའི་རིང་། བོད་རང་སྐྱོང་ལྗོངས་ཟེར་བ་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཕོག་པ་ནད་རྟགས་ཅན་༥༣མང་དུ་ཕྱིན་ཡོད་པ་དང་། ནད་རྟགས་མེད་པའི་ནད་པ་༦༢༡མང་དུ་ཕྱིན་ཡོད་པ་ནས་མང་པོ་ཞིག་ལོགས་བཀར་ལྟ་སྡོམ་ཁུལ་ནས་ཤེས་རྟོགས་བྱུང་བ། བོད་རང་སྐྱོང་ལྗོངས་ཟེར་བའི་ཏོག་གསར་གློ་ཚད་རིམས་ནད་འགོག་ཟོན་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉེར་བཞི་པའི་ཐོག་བསྒྲགས་འདུག་པ་ལྟར། ཁྱོན་བསྡོམས་འདི་ཚེས་༡ཉིན་གྱི་ཉིན་རྒྱབ་ཆུ་ཚོད་གཉིས་བ་བར་བོད་རང་སྐྱོང་ལྗོངས་ནང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༡༡༢༠༢ཟིན་འདུག་ལ། དེའི་ཁྲོད་ནས་མང་པོ་ཞིག་དྲག་སྐྱེད་བྱུང་ནས་ས་ཁུལ་འདྲ་མིན་གྱི་ལོགས་བཀར་སྨན་ཁང་ནས་ཐོན་དང་ཐོན་བཞིན་པ་ཡང་བསྒྲགས་འདུག
ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ལྟར། འདི་ཚེས་༡ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ནད་ཡམས་ཁྱབ་གདལ་གྱི་ཉེན་ཁ་ཆེ་ཁུལ་ས་གནས་༤༧༧དང་། ཉེན་ཁ་འབྲིང་ཁུལ་༡༤༩ཡོད་པ་བསྒྲགས་འདུག་ལ། ནད་པ་དང་ཕྱོགས་འདྲ་མིན་ནས་འབྲེལ་འདྲིས་བྱུང་བ་མང་པོ་ཞིག་ད་དུང་གཅིག་བསྡུས་ཐོག་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་བཞིན་ཡོད་འདུག
བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བྱུང་ནས་ད་ལྟའི་བར་ཉིན་གྲངས་༢༡ལྷག་འགྲོ་བཞིན་ཡོད་པ་དང་། དམ་དྲག་དང་གནས་ཚུལ་བཀག་བསྡོམས་ཀྱི་རྐྱེན་གྱིས་ཕྱི་ཕྱོགས་ནས་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུ་ཁག་པོ་ཡིན་ན་ཡང་། ས་གནས་མི་མང་ནད་པ་ཚོ་ལོགས་སུ་ཁང་པ་ཆེན་པོའི་ནང་ཟུར་བཀག་བྱས་བ་ཙམ་ལས་ལྟ་རྟོགས་བྱེད་མཁན་མེད་པ་དང་། ཟས་རིགས་དང་ཉིན་རེའི་འཚོ་བའི་མཐུན་རྐྱེན་ཐད་དཀའ་ངལ་འཕྲད་བཞིན་པའི་གནས་ཚུལ་པར་དང་བརྙན་སོགས་མང་པོ་མཐོང་རྒྱུ་འདུག་ལ། ལྷ་ས་གྲོང་ཁྱེར་དང་ས་གནས་ཁག་མང་པོར་མུ་མཐུད་དུ་ཁྱིམ་སྡོད་བཀག་རྒྱ་ལག་བསྟར་གྱིས་དམ་དྲག་བྱེད་བཞིན་པ་རེད།
གཞན་བོད་མི་མང་པོ་ཡོད་སའི་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བྱུང་བའི་རྐྱེན་གྲོང་ཁྱེར་ཁྱོན་ཡོངས་བཀག་སྡོམ་བྱས་ཡོད་པ་དང་། རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཟླ་དགུ་པའི་ཚེས་༡ཉིན་རྒྱ་ནག་གི་ལྷོ་ནུབ་གྲོང་ཁྱེར་ཁྲིན་ཏུའུ་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་བྱུང་ནས་མི་གྲངས་ས་ཡ་༢༡ལྷག་ཡོད་པའི་གྲོང་ཁྱེར་ཁྱོན་ཡོངས་ནས་བཀག་སྡོམ་འོག་ཡོད་པ་མ་ཟད། གྲོང་མི་ཚོ་དུས་ཡུན་ཉིན་གྲངས་བཞིའི་རིང་ཉིན་ལྟར་ཏོག་དབྱིབས་རིམས་ནད་ཀྱི་ནད་འབུ་འགོས་ཡོད་མེད་བརྟག་དཔྱད་བྱ་དགོས་ཀྱི་ཡོད་འདུག
ཁྲིན་ཏུའུ་གྲོང་ཁྱེར་གཞུང་གིས་གསལ་བསྒྲགས་ཤིག་ཕྱིར་བསྒྲགས་བྱས་པའི་ནང་། ཕྱི་ཚེས་༡གཟའ་ཕུར་བུ་ཉིན་ནས་བཟུང་གྲོང་ཁྱེར་ཁྱོན་ཡོངས་འགྲོ་བསྐྱོད་བཀག་སྡོམ་བྱ་རྒྱུ་དང་། ཁྱིམ་ཚང་རེ་ནས་ཉིན་ལྟར་མི་གཅིག་བཟའ་ཆས་དང་དགོས་ངེས་ཀྱི་དངོས་ཟོག་ཉོ་བར་བསྐྱོད་ཆོག་ལུགས་བཀོད་ཡོད་འདུག ཁྲིན་ཏུའུ་གྲོང་ཁྱེར་ནང་ཕྱི་ཟླ་བརྒྱད་པའི་ཚེས་༣༡གཟའ་ལྷག་པའི་ཉིན་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་མི་གྲངས་༡༥༧ཐོན་ཡོད་པ་དང་། དེ་ཡང་ད་ལོ་ཕྱི་ཟླ་བཞི་པ་དང་ལྔ་པའི་ནང་ཧྲང་ཧེ་གྲོང་ཁྱེར་ཁྱོན་ཡོངས་ནས་བཀག་སྡོམ་བྱས་པའི་རྗེས་རྒྱ་ནག་གི་བཀག་སྡོམ་བྱེད་ཁུལ་གྱི་གྲོང་ཁྱེར་ཆེ་ཤོས་དེ་ཆགས་ཡོད་པ་རེད།
དེ་བཞིན་བོད་ཀྱི་ས་ཁུལ་མཚོ་སྔོན་ཡུལ་ཤུལ་དང་། རྨ་ལྷོ། ཟི་ཁྲོན་རྔ་བ། དཀར་མཛེས་རྫོང་བཅས་ས་ཁུལ་གཞན་དུ་ཡང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་འགྲོ་བཞིན་པས། ས་གནས་སུ་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཡུལ་མི་ཚོའི་འགྲོ་འོང་དང་འདུ་འཛོམས་སོགས་ལ་ཚོད་འཛིན་དང་སྟངས་འཛིན་མུ་མཐུད་བྱེད་མུས་ཡིན་པ་རེད།
གཞན་རྒྱ་ནག་གི་ལྷོ་ཕྱོགས་གྲོང་ཁྱེར་ཧྲིན་ཀྲིན་དང་། ཤར་བྱང་གྲོང་ཁྱེར་ཏཱ་ལན་སོགས་ཀྱི་ནང་ལ་ཡང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱིས་གཟའ་འཁོར་འདིའི་ནང་འགྲོ་འོང་སོགས་ལ་ཚད་བཀག་བཟོས་ནས། མི་རྣམས་རང་ཁྱིམ་ནས་ལས་ཀ་དང་སློབ་སྦྱོང་བྱ་དགོས་བ་བཟོས་ཐོག་སྤྲོ་སྐྱིད་དང་འདུ་འཛོམས་རིགས་བྱེད་མི་ཆོག་པ་བཟོས་ཡོད་འདུག
རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་ཀྱི་ནད་འབུ་རྩ་མེད་བཟོ་རྒྱུ་ཟེར་བའི་སྲིད་བྱུས་འོག རྒྱ་ནག་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོག་ཐབས་ཀྱི་ལས་དོན་སྤེལ་ནས་དམ་དྲག་ཆེན་པོ་བྱས་དང་བྱེད་བཞིན་པར་བརྟེན་དཔལ་འབྱོར་གྱི་གནས་སྟངས་ཉམས་རྒུད་ཕྱིན་པ་དང་། སྲིད་བྱུས་དེའི་འོག་རྒྱ་ནག་ནང་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་ལས་རིགས་ཡང་བཀག་སྡོམ་བྱས་ནས། འཛམ་གླིང་གི་ཡུལ་གྲུ་གཞན་གྱིས་ནད་འབུ་དང་མཉམ་གནས་ཀྱི་བྱ་ཐབས་སྤྱོད་བཞིན་པ་དང་མི་འདྲ་བ་ཞིག་རྒྱ་ནག་གཞུང་གིས་འཛིན་གྱི་ཡོད་པར་བརྟེན་ནས་རྒྱ་ནག་མི་མང་ཚོའི་འགྲོ་སྡོད་སྤྱོད་གསུམ་དང་ཉིན་རེའི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད།

གསར་འགོད་པ། འཆི་མེད། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org