འདི་ཚེས་ཉེར་དགུའི་ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་མི་གྲངས་༡༨༣བྱུང་འདུག

བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཚེས༢༩ཉིན་རྒྱབ་བར་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་མི་གྲངས་༡༨༣བྱུང་ནས་ད་བར་ཁྱོན་བསྡོམས་ནད་པ་མི་གྲངས་༩༠༦༥ཟིན་འདུག་ལ་མང་པོ་ཞིག་སྨན་ཁང་ནས་ཐོན་འདུག

ནད་ཡམས་ཁྱབ་གདལ་སྐབས་ཀྱི་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་། ༠༨།༢༠༢༢ འོད་ཟེར་ལགས་ཀྱི་ངོ་དེབ།

བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༠༨།༢༩ཉིན་རྒྱབ་བར།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། ༨༨༨༢ ༡༨༣ ༡༡ ༡༧༢ ༩༠༦༥


བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༠༨།༢༨ཉིན།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། ༨༢༨༨ ༥༩༤ ༢༤ ༥༧༠ ༨༨༨༢


བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཀྱི་ས་ཁུལ་གང་སར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གྲངས་འབོར་མུ་མཐུད་དུ་འཕར་བཞིན་པ་དང་། འདི་ཚེས་༢༩ཉིན་གྱི་ཉིན་རྒྱབ་བར། བོད་རང་སྐྱོང་ལྗོངས་ཟེར་ནང་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་གཏན་འཁེལ་ནད་པ་༡༡མང་དུ་ཕྱིན་པ་ནས་ལྷ་ས་གྲོང་ཁྱེར་དུ་༢དང་། ཉིང་ཁྲི་གྲོང་ཁྱེར་དུ་༡དང་། གཞིས་ཀ་རྩེ་གྲོང་ཁྱེར་དུ་༡། ཆབ་མདོ་གྲོང་ཁྱེར་དུ་༡། ནག་ཆུ་གྲོང་ཁྱེར་དུ་༥། མངའ་རིས་ས་ཁུལ་དུ་༡བཅས་ཐོན་ཡོད་པ་དང་། ནད་རྟགས་མི་མངོན་པའི་ནད་པ་༡༧༢མང་དུ་ཕྱིན་ཡོད་པ་ནས། ལྷ་ས་གྲོང་ཁྱེར་དུ་༩༢དང་། གཞིས་ཀ་རྩེ་གྲོང་ཁྱེར་དུ་༣༠། ལྷོ་ཁ་གྲོང་ཁྱེར་དུ་༧། ཆབ་མདོ་གྲོང་ཁྱེར་དུ་༤། ནག་ཆུ་གྲོང་ཁྱེར་དུ་༣༡། མངའ་རིས་ས་ཁུལ་དུ་༨བཅས་ཐོན་འདུག གཞན་སྤྱི་ཚེས་༢༨ཉིན་གྱི་ཆུ་ཚོད་ཉེར་བཞིའི་རིང་། བོད་རང་སྐྱོང་ལྗོངས་ཟེར་བ་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཕོག་པའི་གཏན་འཁེལ་ནད་པ་༢༤མང་དུ་ཕྱིན་ཡོད་པ་དང་། ནད་རྟགས་མེད་པའི་ནད་པ་༥༧༠མང་དུ་ཕྱིན་ཡོད་པ་བོད་རང་སྐྱོང་ལྗོངས་ཟེར་བའི་ཏོག་གསར་གློ་ཚད་རིམས་ནད་འགོག་ཟོན་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉེར་གཅིག་པའི་ཐོག་བསྒྲགས་འདུག་པ་བསྡོམས་ན། འདི་ཚེས་༢༩ཉིན་གྱི་ཉིན་རྒྱབ་ཆུ་ཚོད་གཉིས་བ་བར་བོད་རང་སྐྱོང་ལྗོངས་ནང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༩༠༦༥ཟིན་འདུག་ལ། དེའི་ཁྲོད་ནས་མང་པོ་ཞིག་དྲག་སྐྱེད་བྱུང་ནས་ས་ཁུལ་འདྲ་མིན་གྱི་ལོགས་བཀར་སྨན་ཁང་ནས་ཐོན་དང་ཐོན་བཞིན་པ་ཡང་བསྒྲགས་འདུག
ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ལྟར། འདི་ཚེས་༢༩ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ནད་ཡམས་ཁྱབ་གདལ་གྱི་ཉེན་ཁ་ཆེ་ཁུལ་ས་གནས་༣༨༠དང་། ཉེན་ཁ་འབྲིང་ཁུལ་༡༩༨ཡོད་པ་བསྒྲགས་འདུག་ལ། ནད་པ་དང་ཕྱོགས་འདྲ་མིན་ནས་འབྲེལ་འདྲིས་བྱུང་བ་མང་པོ་གཅིག་བསྡུས་ཐོག་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་བཞིན་ཡོད་འདུག
གཞན་ཉེ་ཆར་ཕྱི་ཟླ་བརྒྱད་པའི་འགོ་སྟོད་ནས་བོད་ནང་ཏོག་དབྱིབས་རིམས་ནད་ཐོག་མར་འགོས་ཁྱབ་ཕྱིན་པའི་སྐབས་སུ། རྒྱ་ནག་གི་འབྲེལ་ཡོད་ལས་བྱེད་དང་འགོ་ཁྲིད་ཚོས་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཀ་ཡག་པོ་མ་བྱས་པའི་ཉེས་འཛུགས་འོག་དཔོན་རིགས་དང་ལས་བྱེད་༡༠༠ལྷག་གོ་གནས་ནས་གནས་དབྱུང་བཏང་བ་དང་ཉེས་ཆད་བཏང་ཡོད་པ་(South China Morning Post)་ལྷོ་རྒྱ་ནག་གི་ཞོགས་པའི་ཕོ་ཉ་གསར་ཁང་གིས་གནས་ཚུལ་སྤེལ་འདུག
གཞན་བོད་ཀྱི་ས་ཁུལ་ཟི་ཁྲོན་རྔ་བ་དང་། ཡུལ་ཤུལ་དང་། རྨ་ལྷོ་བཅས་ས་ཁུལ་གཞན་དུ་ཡང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་འགྲོ་བཞིན་པས། ས་གནས་སུ་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཡུལ་མི་ཚོའི་འགྲོ་འོང་དང་འདུ་འཛོམས་སོགས་ལ་ཚོད་འཛིན་དང་སྟངས་འཛིན་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org