བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༢༡༡འཕར་འདུག
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་པའི་མི་གྲངས་ལྔ་སྟོང་བརྒྱད་བརྒྱ་བརྒལ་བ་དང་མི་གྲངས་ཁྲི་བཞི་དང་དྲུག་སྟོང་ལྷག་གཅིག་བསྡུས་ཐོག་ལོགས་སུ་བཀག་ནས་ལྟ་ཞིབ་བྱེད་བཞིན་ཡོད་འདུག
- 2022-08-23
-
-
-
བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༠༨།༢༣ཉིན་རྒྱབ་བར།
ས་གནས། | སྔར་ཡོད། | འཕར་བ། | ནད་རྟགས་ཡོད་པ། | ནད་རྟགས་མི་མངོན་པ། | ཁྱོན་བསྡོམས། |
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། | ༥༦༨༡ | ༢༡༡ | ༤ | ༢༠༦ | ༥༨༩༢ |
བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༠༨།༢༢ཉིན།
ས་གནས། | སྔར་ཡོད། | འཕར་བ། | ནད་རྟགས་ཡོད་པ། | ནད་རྟགས་མི་མངོན་པ། | ཁྱོན་བསྡོམས། |
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། | ༥༡༣༦ | ༥༤༥ | ༢༧ | ༥༡༨ | ༥༦༨༡ |
བོད་ཀྱི་ས་ཁུལ་གང་སར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གྲངས་འབོར་མུ་མཐུད་དུ་འཕར་བཞིན་པ་དང་། འདི་ཚེས་༢༣ཉིན་གྱི་ཉིན་རྒྱབ་བར། བོད་རང་སྐྱོང་ལྗོངས་ཟེར་ནང་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་གཏན་འཁེལ་ནད་པ་༥མང་དུ་ཕྱིན་ཡོད་པ་ནས་ལྷ་ས་གྲོང་ཁྱེར་དུ་༤དང་། གཞིས་ཀ་རྩེ་གྲོང་ཁྱེར་དུ་༡ཡོད་ཅིང་། ནད་རྟགས་མི་མངོན་པའི་ནད་པ་༢༠༦མང་དུ་ཕྱིན་ཡོད་པ་ནས། ལྷ་ས་གྲོང་ཁྱེར་དུ་༡༢༤དང་། གཞིས་ཀ་རྩེ་གྲོང་ཁྱེར་དུ་༡༣། ལྷོ་ཁ་གྲོང་ཁྱེར་དུ་༢༧། ཉིང་ཁྲི་གྲོང་ཁྱེར་དུ་༣། ཆབ་མདོ་གྲོང་ཁྱེར་དུ་༢། ནག་ཆུ་གྲོང་ཁྱེར་དུ་༡༨། མངའ་རིས་ས་ཁུལ་དུ་༡༩་ཡོད་བཅས་ཐོན་འདུག གཞན་སྤྱི་ཚེས་༢༢ཉིན་གྱི་ཆུ་ཚོད་ཉེར་བཞིའི་རིང་། བོད་རང་སྐྱོང་ལྗོངས་ཟེར་བ་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཕོག་པའི་གཏན་འཁེལ་ནད་པ་༢༧མང་དུ་ཕྱིན་ཡོད་པ་དང་། ནད་རྟགས་མེད་པའི་ནད་པ་༥༡༨མང་དུ་ཕྱིན་ཡོད་པ་བོད་རང་སྐྱོང་ལྗོངས་ཟེར་བའི་ཏོག་གསར་གློ་ཚད་རིམས་ནད་འགོག་ཟོན་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཐོག་བསྒྲགས་འདུག་པ་བསྡོམས་ན། འདི་ཚེས་༢༣བར་བོད་རང་སྐྱོང་ལྗོངས་ནང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༥༨༩༢ཟིན་འདུག
ད་དུང་གོང་ཞུས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཟླ་༨ཚེས་༢༢ཉིན་བར། བོད་རང་སྐྱོང་ལྗོངས་ཟེར་བ་ཡོངས་སུ་ནད་ཡམས་ཀྱི་ཉེན་ཁ་ཆེ་ཁུལ་༥༣༠དང་། ཉེན་ཁ་འབྲིང་ཁུལ་༢༩༠ཡོད་པ་བརྗོད་འདུག་ལ། ནད་པ་ཁག་ཅིག་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཐོན་བཞིན་པ་ཡོད་ཀྱང་ད་ལྟ་ད་དུང་མི་༥༦༤༥༩གཅིག་བསྡུས་ཐོག་ལོགས་སུ་བཀག་ནས་ལྟ་ཞིབ་བྱེད་བཞིན་ཡོད་པ་བརྗོད་འདུག
ཉེ་བའི་ཟླ་ཤས་ནི་བོད་ནང་རྒྱ་ནག་ནས་ཡུལ་སྐོར་བ་ཡོང་མཁན་མང་ཤོས་ཀྱི་དུས་སྐབས་ཡིན་པ་དང་། ཡུལ་སྐོར་བའི་ནང་འགོས་ནད་ཡོད་པ་ཐོན་ཡོད་ལ། ཟུར་བཀག་བྱས་པ་ཡང་མི་ཉུང་བ་ཞིག་བྱུང་ཡོད་པའི་ཐོག་ཡུལ་སྐོར་བ་ཁྲི་བརྒལ་བ་འགྲིམ་འགྲུལ་སྣ་ཚོགས་བརྒྱུད་ནས་རྒྱ་ནག་ནང་ཕྱིར་ལོག་ཐུབ་པ་བྱུང་ཡོད་ན་ཡང་། ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ལ་འགྱུར་བ་མང་པོ་ཕྱིན་པར་བརྟེན་ད་དུང་ཡང་རྒྱ་ནག་གི་ཡུལ་སྐོར་བ་མང་པོ་བོད་ནང་ལུས་ནས་ཡོད་འདུག གཞུང་ཕྱོགས་ཀྱིས་འགྲེལ་བརྗོད་བྱས་པར་གཞིགས་ན། རྒྱ་ནག་གི་ཡུལ་སྐོར་བ་ཁྲི་ཁ་ཤས་བྱུང་ཡོད་པ་ནས་ཟླ་༨ཚེས་༢༡བར་ཡུལ་སྐོར་བ་༤༤༢༧བར་ཉུང་རུ་ཕྱིན་པ་བརྗོད་འདུག་ལ། ལྷ་སའི་གནམ་ཐང་དུ་མགྲོན་ཁང་ཁེངས་ཏེ་རླངས་འཁོར་འཇོག་སར་གུར་རྒྱབ་ནས་བཞག་ཡོད་པ་བྱུང་འདུག ཡང་སློབ་གྲྭ་ཁག་གི་དབྱར་ཁའི་གུང་གསེང་མཇུག་སྒྲིལ་ནས་སློབ་དུས་གསར་པ་འགོ་བཙུགས་བྱེད་བཞིན་པའི་སྐབས་འདིར་བོད་ནས་རྒྱ་ནག་གི་ས་གནས་ཁག་ཏུ་སློབ་གྲྭར་སྐྱོད་མཁན་སློབ་མ་ཚོ་དུས་ཐོག་ཏུ་སྐྱོད་མི་ཐུབ་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག
གཞན་ཡང་བོད་ནང་ཞིང་པ་ཚོས་སྟོན་བསྡུའི་ལས་ཀ་འགོ་བཙུགས་ཟིན་ན་ཡང་། ཁྱིམ་སྡོད་བཀག་རྒྱ་སོགས་དམ་དྲག་གི་རྐྱེན་པས་སྟོན་ཁ་འབྲུ་རིགས་བསྡུ་བའི་ཐད་འབྲུ་རིགས་དུས་ཐོག་བསྡུ་མི་ཐུབ་པའི་དཀའ་ངལ་ཡོང་གི་ཡོད་འདུག་ཅིང་། གཞུང་གིས་འབྲེལ་ཡོད་ལས་དོན་སྐོར་ལ་གསལ་བསྒྲགས་བཏང་པའི་ནང་། ཉེན་ཁ་འབྲིང་ཁུལ་དུ་མི་སྣ་སྡེ་ཁུལ་ནས་མི་ཐོན་པ་དང་། འདུ་འཛོམས་རིགས་བྱེད་མི་རུང་བའི་སྤྱིའི་བླང་བྱ་གཞིར་བཟུང་སྟེ། གྲོང་ཚོ་དང་ཨུ་ཡོན་ལྷན་ཁང་ཚན་པ་བྱས་ནས་མི་སྣ་ཡོངས་ལ་ཉུང་མཐར་ནད་ཡམས་འགོས་ཡོད་མེད་བརྟག་དཔྱད་ཐེངས་༡བྱས་ནས་ནད་རྟགས་མེད་པའི་ཆ་རྐྱེན་འཛོམས་རྗེས། སྡོད་གནས་དང་ལས་ཀ་བྱེད་ས་གཉིས་བར་ཐད་ཀར་སྐྱོད་པའི་བྱ་ཐབས་སྤྱད་དེ་གོ་རིམ་ལྡན་པའི་ངང་ཞིང་ལས་ཐོན་སྐྱེད་ལས་དོན་སྤེལ་དགོས། ཉེན་ཁ་ཆེ་ཁུལ་དུ་ས་ཁོངས་བཀག་སྡོམ་དང་། སྒོ་ཕྱིར་མི་ཐོན་པ། ཞབས་ཞུ་སྒྲུབ་པར་སྒོ་འགྲམ་དུ་ཡོང་བ་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་སྟེ། གྲོང་ཚོ་ལྷན་ཁང་ཚན་པ་བྱས་ནས། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་། གྲོང་ཚོའི་ལྷན་ཁ་གཉིས། ཞིང་འཕྲུལ་མཉམ་ལས་ཁང་། དང་བླངས་ཞབས་ཞུའི་རུ་ཁག་སོགས་སྟོབས་ཤུགས་ལེགས་སྒྲིག་བྱས་ཏེ། ཉེན་ཁ་ཆེ་ཁུལ་གྱི་ཞིང་ལས་ཐོན་སྐྱེད་ཀྱི་དགོས་མཁོའི་ཆ་འཕྲིན་དང་། ཉེན་ཁ་ཆེ་ཁུལ་མིན་པའི་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས་ཀྱི་ཞབས་ཞུའི་ཆ་འཕྲིན་ཕྱོགས་ཡོངས་ནས་གསལ་རྟོགས་ཐུབ་པར་བྱས་ཐོག སྐད་འཕྲིན་དང་། ཁ་པར། དྲ་བ་སོགས་བརྒྱུད་སྦྲེལ་མཐུད་བྱས་ནས། ཉེན་ཁ་ཆེ་ཁུལ་མང་ཚོགས་ལ་ལོ་ཏོག་བསྡུ་རོགས་དང་། རྨོ་རོགས། འདེབས་རོགས་བཅས་བྱ་དགོས་བ་བརྗོད་འདུག
ད་ལྟ་ལྷ་སར་ཡོད་པའི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་ཁོང་སྒེར་གྱི་ངོ་དེབ་ཐོག་སྤྱི་ཚེས་༢༡ཉིན་ལྷ་སའི་ནང་ནད་ཡམས་གནས་སྟངས་སྐོར་བྲིས་པའི་ནང་། ད་ལྟའི་ཆར་ལྷ་སའི་ནང་ནད་ཡམས་ཉེན་ཁ་ཆེ་སའི་ཁུལ་༢༦༩ལ་སྤར་ཡོད་པ་དང་། ཉེན་ཁ་འབྲིང་བའི་ས་ཁུལ་༧༧སླེབས་ཡོད་ཅིང་། ས་གནས་ཁག་ཐོ་གཞུང་ནང་བཀོད་པ་ལྟར་ན། ཧ་ལམ་ལྷ་ས་གྲོང་ཁྱེར་ཡོངས་ཀྱི་མི་དམངས་གནས་སྡོད་ཁུལ་ཚུད་ཡོད་ནའང་། ཏང་གི་ཆབ་སྲིད་དམག་དོན་ཁང་གི་རྭ་སྐོར་དེའི་ནང་ཚུད་མེད་པས་ནད་ཡམས་སྔོན་འགོག་གི་ལས་དོན་ཡག་པོ་སྤེལ་ཡོད་པ་ཁོ་ཐག་རེད་ཅེས་བྲིས་འདུག ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བྱུང་བའི་རྗེས་རྒྱ་ནག་ནས་བོད་ནང་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་མི་གྲངས་སྟོང་ཚོ་བརྒལ་བ་ཕྱིར་ལོག་མ་ཐུབ་པར་བོད་ནང་མུ་མཐུད་དུ་ལྷག་ཡོད་པ་རེད།
ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བོད་ཀྱི་ས་ཁུལ་གཞན་དུའང་བྱུང་བཞིན་ཡོད་པ་ལྟར། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་སྤྱི་ཚེས་༢༢ཉིན་ཏོག་དབྱིབས་ནད་ཡམས་ཕོག་མཁན་ནད་པ་གསར་པ་༡༨ཐོན་ཡོད་པའི་ནང་ནས་གཅིག་ཡུལ་ཤུལ་གྲོང་ཁྱེར་ནས་ཡིན་པ་དང་། ༡༢ནང་ཆེན་རྫོང་ནས་ཡིན་པ། ༥ཆུ་དམར་ལེབ་རྫོང་ནས་ཡིན་པ་ཡུལ་ཤུལ་ཁུལ་ཏོག་དབྱིབས་ནད་ཡམས་རིམས་ནད་འགོག་ལས་དོན་བཀོད་སྡོམ་ཚོགས་ཆུང་ཟེར་བ་དེས་བརྗོད་འདུག ད་ལྟའི་ཆར་ཡུལ་ཤུལ་ཁུལ་དུ་ཁྱོན་ནད་པ་༩༥ཐོན་ཡོད་པས་ས་གནས་སུ་དམ་དྲག་གི་གནས་སྟངས་ཛ་དྲག་ངང་ཡོད་པ་རེད།
དེ་བཞིན་ཡང་སྤྱི་ཚེས་༢༢ཉིན་རྨ་ལྷོ་ཁུལ་དུ་ནད་པ་གཅིག་དང་། མཚོ་ནུབ་ཁུལ་དུ་ནད་པ་༣༡།
ཟི་ལིང་དུ་ནད་པ་གསུམ་བཅས་ཐོན་ཡོད་པ་བཅས་བོད་ནང་གི་ཏོག་དབྱིབས་ནད་ཡམས་ཕོག་མཁན་གྱི་ནད་པའི་གྲངས་འབོར་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།
གསར་འགོད་པ། སྐལ་ལྡན་བློ་གྲོས། གུ་རུ་ཆོས་སྐྱིད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།