ལྷ་སར་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་རྐྱེན་ཕོ་བྲང་པོ་ཏཱ་ལ་གནས་སྐབས་སྒོ་རྒྱབ་འདུག
བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཆེ་རུ་ཕྱིན་པའི་རྐྱེན་གྱིས་ཕོ་བྲང་པོ་ཏཱ་ལ་དང་ནོར་བུ་གླིང་ག་བཅས་གནས་སྐབས་རིང་སྒོ་རྒྱབ་ཡོད་པ་དང་གཞིས་ཀ་རྩེར་ཏོག་དབྱིབས་རིམས་ནད་ཡོད་པའི་ནད་པ་༥ཐོན་འདུག
- 2022-08-09
-
-
-
དེ་ཡང་ཕོ་བྲང་པོ་ཏ་ལའི་འཛིན་སྐྱོང་ལས་དོན་ཚན་པས་གནས་ཚུལ་སྤེལ་བ་ལྟར་ན། འདི་ཚེས་༩གཟའ་མིག་དམར་ནས་བཟུང་ཕོ་བྲང་པོ་ཏཱ་ལ་གནས་སྐབས་རིང་སྒོ་རྒྱག་རྒྱུ་ཡིན་པ་གཞུང་འབྲེལ་གསལ་བསྒྲགས་བྱས་འདུག་ལ། དེ་ནི་ཉིན་ཤས་ནང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཏོག་དབྱིབས་རིམས་ནད་ཕོག་པའི་ནད་པ་༢༢ཙམ་བྱུང་ཡོད་པས་ཡིན་འདུག གཞན་ནོར་བུ་གླིང་ག་དང་། རིག་གནས་རྟེན་མཛོད་འགྲེམས་སྟོན་ཁང་བཅས་ཀྱང་གནས་སྐབས་རིང་སྒོ་རྒྱབ་པ་བསྒྲགས་འདུག
ད་དུང་རྒྱ་ནག་གི་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། གཞིས་ཀ་རྩེར་ཏོག་དབྱིབས་རིམས་ནད་ཡོད་པའི་ནད་པ་༥ཐོན་ཡོད་པ་དང་། མངའ་རིས་ལ་༢འཕར་འདུག
སྤྱི་ཚེས་༨ཉིན་ལྷ་ས་ནས་ཤེས་རྟོགས་བྱུང་བའི་ནད་པ་རྣམས་རྣམ་པ་འགྱུར་བའི་ཏོག་དབྱིབས་ནད་ཡམས་(Omicron BA.2.76)་ཡིན་པ་དང་། ལྷ་ས་གྲོང་ཁྱེར་ཁྱོན་ཡོངས་སུ་ནད་ཡམས་བརྟག་དཔྱད་ཀྱི་ས་ཚིགས་༥༤༥བར་ཇེ་མང་དུ་བཏང་ནས་གྲོང་ཁྱེར་ཁྱོན་ཡོངས་སུ་ནད་ཡམས་ཕོག་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་འདུག
ལྷ་ས་གྲོང་ཁྱེར་ནང་གནས་སྡོད་བོད་མི་ཞིག་གིས། ད་ལྟའི་ཆར་ལྷ་སའི་ནང་ཉིན་མཚན་དབྱེར་མེད་ཀྱིས་མི་མང་ཚོ་གྲལ་སྒྲིག་བཅུག་ནས་ཏོག་དབྱིབས་ནད་ཡམས་ཕོག་ཡོད་མེད་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་པ་དང་། ཚང་མས་ནད་དེ་འགོས་ཡོང་བསམ་ནས་འཇིགས་སྣང་ཆེན་པོ་བྱེད་བཞིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
སྤྱིར་བཏང་སྤྱི་ལོ༢༠༡༩ལོའི་ལོ་མཇུག་ནས་ཐོག་མར་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་དེ་བཞིན་རིམ་པས་འཛམ་གླིང་གི་རྒྱལ་ཁབ་མང་ཆེ་བར་འགོས་ཁྱབ་བྱུང་ནས། ད་བར་འཛམ་གླིང་ཁྱོན་ཡོངས་སུ་ནད་པ་ས་ཡ་༥༨༣ལྷག་བྱུང་བའི་ཁྲོད་ས་ཡ་དྲུག་དང་འབུམ་བཞི་ལྷག་གི་ཚེ་སྲོག་ཤོར་ཡོད་པ་རེད།
དེ་སྔ་བོད་ཀྱི་ས་ཁུལ་དང་རྒྱ་ནག་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཕྱིན་པའི་སྐབས། བོད་རང་སྐྱོང་ལྗོངས་ཟེར་བའི་འབྲེལ་ཡོད་ཚན་པས་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་རིམས་ནད་མེད་པའི་ས་ཁུལ་གཙང་ཤོས་ཡིན་ཞེས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད་ལ། དེ་བས་བོད་ཀྱི་རྒྱལ་ས་ལྷ་ས་ཚུད་པའི་བོད་ཀྱི་ས་ཁུལ་མང་པོར་རྒྱ་ནག་ནས་ཡུལ་སྐོར་བ་ཡོང་མཁན་ཧ་ཅང་མང་པོ་བྱུང་ནས་ཡམས་ཁྱབ་ཁྱབ་གདལ་ཕྱིན་པའི་གནས་ཚུལ་ཡང་བྱུང་ཡོད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།