རྒྱ་ནག་ནང་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ཇེ་སྡུག་ཏུ་སོང་ནས་ཕུང་པོ་འཇོག་ཡུལ་ལ་དཀའ་ངལ་འཕྲད་བཞིན་འདུག

རྒྱ་ནག་ནང་དམ་དྲག་ལྷུག་གཏོང་མ་བྱས་པའི་ཡར་སྔོན་ནས་ཏོག་དབྱིབས་རིམས་ནད་འགོས་ཁྱབ་གནས་སྟངས་ཏུ་ཕྱིན་འགོ་ཚུགས་ཡོད་པ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་བརྗོད་འདུག

རྒྱ་ནག་ཝུའུ་ཧན་གྱི་སྨན་ཁང་ཞིག་གི་ཉེ་འཁོར། ༡༢།༡༠།༢༠༢༢ REUTERS

དེ་ཡང་ཧྥ་རན་སིའི་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལ་གཞིགས་ན། རྒྱ་ནག་གི་ས་ཁུལ་མང་པོར་གློ་བུར་དུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཀྱི་གནས་སྟངས་སྡུག་ཏུ་ཕྱིན་པ་དང་། དེ་ནི་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་ཁྱིམ་སྡོད་བཀག་རྒྱ་དང་དམ་དྲག་སྲིད་ཇུས་ལྷུག་གཏོང་བྱས་པས་བྱུང་བ་ཞིག་མིན་པར། དེའི་སྔོན་ཚུད་ནས་ཁྱབ་གདལ་བྱུང་འགོ་ཚུགས་ཡོད་ཅེས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཛ་དྲག་ཚན་ཁག་གི་འགོ་གཙོ་(Michael Ryan)་ལགས་ཀྱིས་གཟའ་ལྷག་པའི་ཉིན་གསར་འགོད་པར་བརྗོད་འདུག་ཅིང་། ཁོས་ད་དུང་། རྒྱ་ནག་གཞུང་གིས་དམ་དྲག་སྲིད་ཇུས་ལྷུག་གཏོང་བྱས་རྗེས་གློ་བུར་དུ་རིམས་ནད་འགོས་ཁྱབ་སྟངས་འཛིན་བྱེད་མ་ཐུབ་ཚུལ་འདྲ་ཆགས་པོ་བཤད་བཞིན་ཡོད་ཀྱང་། དོན་གྱིས་སྟངས་འཛིན་བྱ་ཐབས་ཁག་ནས་རིམས་ནད་དེ་བཞིན་བཀག་འགོག་བྱེད་མ་ཐུབ་པའི་རྒྱུ་མཚན་ལ་བརྟེན་ནས་ཧ་ཅང་གི་མྱུར་ཚད་མགྱོགས་པོའི་ཐོག་ནས་འགོས་ཁྱབ་ཕྱིན་པ་ཞིག་རེད། ངས་བསམ་པར་རྒྱ་ནག་གི་འབྲེལ་ཡོད་དབང་འཛིན་པའི་ངོས་ནས་བྱེད་ཐབས་དེ་བཞིན་བདམས་ཀ་ཡག་པོ་མིན་པར་གཟིགས་ནས་ཐབས་ཇུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་བྱས་པ་ཞིག་ཡིན་རྒྱུ་རེད་འདོད་ཀྱི་ཡོད་ཅེས་བརྗོད་འདུག
རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཇེ་སྡུག་ཏུ་ཕྱིན་པའི་རྐྱེན་གྱིས། རྒྱལ་ས་པེ་ཅིང་ནང་ཕུང་པོ་འཇོག་ཡུལ་རྣམས་ཚོུད་༢༤བྲེལ་འཚུབ་ཆེ་རུ་ཕྱིན་ཏེ་ད་ཆ་ཕུང་པོ་དུར་འཇུག་བྱེད་པར་ཉུང་མཐར་ཉིན་མ་ལྔ་སྒུག་དགོས་ཀྱི་ཡོད་པའི་སྐོར་ཕུང་པོ་འཇོག་ཡུལ་གྱི་ལས་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་འགྲེལ་བརྗོད་བྱས་ཡོད་པ་རེད།


རྒྱ་ནག་གི་སྲོལ་རྒྱུན་སྨན་གྱི་གཙུག་ལག་སློབ་ཆེན་གྱི་ཁྱབ་ཁོངས་ཡིན་པ་རྒྱ་ནག་གི་གྲོང་ཁྱེར་(Donggang)་སྨན་ཁང་ཟེར་བའི་ནང་གི་ལས་བྱེད་པ་ཞིག་གིས། སྤྱི་ཚོགས་དྲྭ་རྒྱའི་ཐོག་སྟེང་། ད་ཆ་ཕུང་པོ་དུར་འཇུག་མ་བྱས་གོང་ལ་སྨན་ཁང་དུ་ཉིན་གྲངས་ལྔ་ནས་བདུན་གཅིག་བར་སྒུག་དགོས་ཀྱི་ཡོད་པའི་སྐོར་བཀོད་སྤེལ་བྱས་ཡོད་པ་དང་། དེའི་རྒྱུ་མཚན་ནི། ཉེ་ཆར་གྱི་ཉིན་མ་གཉིས་ནང་ཕུང་པོ་འཇོག་ཡུལ་གྱི་ལས་བྱེད་པ་མི་ཉུང་བ་ཞིག་ལ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་རྟགས་ཐོན་པར་བརྟེན་ནས་ཕུང་པོ་འཇོག་ཡུལ་དུ་ལས་མི་མི་འདེང་བའི་དཀའ་ངལ་ཡོད་པ་དང་། དེ་བཞིན་དུ་ཉེ་ཆར་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ནད་པ་འདས་གྲོངས་སུ་ཕྱིན་པའི་གྲངས་ཀ་མང་དུ་ཕྱིན་པ་སོགས་ལ་བརྟེན་ནས། ཕུང་པོ་དུར་འཇུག་བྱེད་པའི་དུས་ཚོད་ཉིན་ལྔ་ནས་བདུན་བར་སྒུག་དགོས་ཀྱི་ཡོད་པར་བརྟེན་ཕུང་པོ་ལྡེབ་གསོག་ཐེབས་པའི་དཀའ་ངལ་ཚབས་ཆེ་ཡོད་པའི་སྐོར་བཀོད་འདུག
ད་དུང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་དེའི་ཐད་ཕྱི་ཟླ་བཅུ་གཉིས་པའི་ཚེས་༡༤རེས་གཟའ་ལྷག་པའི་ཉིན། རྒྱལ་ས་པེ་ཅིང་གི་(Babaoshan)་དུར་སར་ལས་ཀ་བྱེད་མཁན་ཞིག་ལ་ཁ་པར་ཐོག་ནས་གནས་ཚུལ་སྐད་ཆ་དྲིས་སྐབས། ལས་མི་ཞིག་གིས་ཁོང་ཚོའི་དུར་སར་ཕུང་པོ་དུར་འཇུག་བྱེད་མཁན་མང་བའི་རྐྱེན་གྱིས་ཉིན་མཚན་མེད་པར་ལས་ཀ་བྱེད་བཞིན་ཡོད་པ་དང་། ང་ཚོ་ད་ལྟ་བྲེལ་བ་ཆེ་བའི་སྒང་ཡིན་ལ། ཉིན་ལྟར་ཕུང་པོ་དུར་འཇུག་བྱེད་མཁན་མང་པོ་ཡོང་གི་ཡོད་པའི་སྐོར་ངོ་སྤྲོད་བྱས་ཡོད་པ་རེད།


སྤྱི་ཚོགས་དྲྭ་ལམ་(Twitter)་སྟེང་བརྙན་ཐུང་ཞིག་ཁྱབ་བཞིན་པའི་ནང་། དུར་སྒམ་སྐྱེལ་འདྲེན་བྱེད་མཁན་རླངས་འཁོར་མང་པོ་བང་སྒྲིག་ནས་ཡོད་པ་རྣམས་(Babaoshan)་དུར་སར་བསྐྱོད་མཁན་ཡིན་པ་རེད། དུས་མཚུངས་རྒྱ་ནག་གི་(Weibo)་དྲྭ་རྒྱའི་སྟེང་། བེུད་ཞིག་གིས་ཁོང་གི་ཕ་འདས་གྲོངས་སུ་ཕྱིན་པ་ནས་བཟུང་། ཕུང་པོ་འཇོག་ཡུལ་མང་པོར་ཁ་པར་ཐེངས་མང་བཏང་ནས་འབྲེལ་བ་བྱས་པའི་མཐར་འཁྱག་སྒམ་དང་གྲང་གློག་སོགས་ཕུང་པོ་འཇོག་ཡུལ་གྱི་ཁོར་ཡུག་གྲང་མོའི་ཆ་རྐྱེན་མེད་པའི་ས་ཆ་ཞིག་རྙེད་ཐུབ་ཙམ་བྱུང་བའི་སྐོར་བྲིས་འདུག


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org