རྒྱ་ནག་ནང་རྣམ་པ་འགྱུར་བའི་ཏོག་དབྱིབས་རིམས་ནད་ཐོན་པར་བརྟེན་སྔོན་འགོག་གི་ལས་དོན་ཤུགས་ཆེ་རུ་གཏོང་འཆར་འདུག
རྒྱ་ནག་ནང་ཉེ་ཆར་བསྐྱར་དུ་རྣམ་པར་འགྱུར་བའི་ཏོག་དབྱིབས་རིམས་ནད་ཐོན་པར་བརྟེན་མང་ཚོགས་ལ་བརྟག་དཔྱད་དང་སྔོན་འགོག་ལས་དོན་དམ་དུ་གཏོང་འཆར་འདུག
- 2022-07-11
-
-
-
དེ་ཡང་ཉེ་བའི་ནང་རྒྱ་ནག་ནང་བསྐྱར་དུ་རྣམ་པར་འགྱུར་བའི་ཏོག་དབྱིབས་རིམས་ནད་ཐོན་པ་དང་། རྒྱ་ནག་གི་གྲོང་ཁྱེར་མང་པོ་ཞིག་གི་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་གནས་སྟངས་ཇེ་སྡུག་ཏུ་སོང་བའི་རྐྱེན་གྱིས་ཚོང་ལས་རིགས་སྒོ་རྒྱབ་པ་དང་། མི་རྣམས་ཕྱིར་འགྲོ་མི་ཆོག་པའི་ཁྱིམ་སྡོད་བཀའ་རྒྱ་བཏང་སྟེ། སྔོན་འགོག་ཆེད་རྒྱ་ནག་གི་དཔལ་འབྱོར་གྲོང་ཁྱེར་ཧྲང་ཧེ་ནང་གཞི་ཁྱོན་ཆེན་པོའི་སྒོ་ནས་མི་མང་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་མེད་བརྟག་དཔྱད་བྱ་རྒྱུའི་འཆར་གཞི་ཡོད་པ་དང་། འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་གནས་སྟངས་མུ་མཐུད་གནས་བཞིན་ཡོད་པའི་སྐབས་འདིར། རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་རྩ་མེད་བཟོ་རྒྱུའི་སྲིད་ཇུས་ལག་བསྟར་བྱས་པའི་རྗེས། རྒྱ་ནག་གི་ས་གནས་ཁག་ནང་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་བྱ་ཐབས་ལག་བསྟར་ནན་པོ་བྱེད་དགོས་ཀྱི་ཡོད་པ་དང་། དེར་མི་འདོད་པའི་རྣམ་འགྱུར་སྟོན་མཁན་ཡང་མང་པོ་ཡོང་གི་ཡོད་པ་རེད།
ལྷག་པར་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་རྒྱལ་སྤྱིའི་དངོས་ཟོག་སྐྱེལ་འདྲེན་གྱི་ལས་དོན་དང་། རྒྱལ་སྤྱིའི་ཚོང་ལས་ཐོག་དོ་ཕོག་ཐེབས་པའི་རྗེས། རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་རྩ་མེད་གཏོང་བའི་བྱ་ཐབས་ལག་བསྟར་བྱེད་བཞིན་པ་དེ་ནི་འཛམ་གླིང་ནང་གི་དཔལ་འབྱོར་རིམ་པ་གཉིས་པ་ཡིན་པའི་གྲོང་ཁྱེར་ཧྲང་ཧེ་ཡི་དཔལ་འབྱོར་ལ་གནོད་འཚེ་མི་ཡོང་བའི་བྱ་ཐབས་ཤིག་ཡིན་པ་ཤོད་ཀྱི་ཡོད་པ་རེད།
རྒྱ་ནག་གི་ནང་ཏོག་དབྱིབས་རིམས་ནད་རྣམ་པ་འགྱུར་བ་(BA.5.2.1)་ཟེར་བ་ཁྱབ་གདལ་འགྲོ་བཞིན་པའི་རྐྱེན་ཉེ་ལམ་ཕྱི་ཟླ་བཞི་པ་དང་ལྔ་པའི་ནང་མང་ཚོགས་རྣམས་ཕྱིར་འགྲོ་མི་ཆོག་པའི་ཁྱིམ་སྡོད་བཀའ་རྒྱ་བཏང་ནས་ཧྲང་ཧེ་གྲོང་ཁྱེར་སོགས་སྒོ་རྒྱག་དགོས་བྱུང་བ་དང་། ད་ལྟའི་ཆར་ཏོག་དབྱིབས་རིམས་ནད་རྣམ་པ་འགྱུར་བ་(BA5)་རྒྱ་ནག་གི་གྲོང་ཁྱེར་མང་པོའི་ནང་ཁྱབ་གདལ་འགྲོ་བཞིན་ཡོད་པ་ནི། དཔེར་ན། རྒྱ་ནག་གི་ཧྲན་ཞི་(Shaanxi)་ཞིང་ཆེན་གྱི་གྲོང་ཁྱེར་ཞི་ཨན་(Xian)་དང་། ལོའི་ཉིན་(Liaoning)་ཞིང་ཆེན་གྱི་གྲོང་ཁྱེར་ཏཱ་ལན་(Dalian)་སོགས་སུ་ཡིན་པ་དང་། ཞིང་ཆེན་དེ་དག་ནི་རྒྱལ་ས་པེ་ཅིང་ནས་རྒྱང་ཐག་སྤྱི་ལེ་བརྒྱ་གྲངས་ཀྱི་མཚམས་སུ་ཡོད་པ་རེད།
རྣམ་པ་འགྱུར་བའི་ཏོག་དབྱིབས་རིམས་ནད་(BA5)་ནི་རྒྱ་ནག་ནང་ཐོག་མར་ཕྱི་ཟླ་ལྔ་པའི་ཚེས་༡༣ ཉིན་ནད་པ་ཞིག་(Uganda)་ནས་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ནང་ཡོང་མཁན་ཞིག་ལ་འགོས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། འོན་ཀྱང་ཕྱི་ཟླ་ལྔ་པའི་ནང་ནད་པ་དེའི་ཐོག་ནས་འབྲེལ་བ་བྱུང་བའི་ནད་པ་གཅིག་ཀྱང་ཐོན་མེད་པའི་སྐོར་རྒྱ་ནག་གི་ནད་རིགས་སྔོན་འགོག་ལས་ཁང་གིས་བཤད་ཡོད་པ་རེད།
གསར་འགོད་པ། ཉི་མ་གཡུ་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།