ནུབ་ཡོ་རོབ་གྱི་བོད་མི་ཚོས་རྒྱ་བལ་གཉིས་སུ་ཡོད་པའི་བོད་མི་ཚོར་ནད་ཡམས་ངལ་སེལ་ཆེད་ཞལ་འདེབས་ཕུལ།
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་འབོད་སྐུལ་གནང་བ་བཞིན་ནུབ་ཡོ་རོབ་ཁུལ་དུ་གནས་པའི་བོད་མི་ཚོས་རྒྱ་གར་ནང་ཡོད་པའི་བོད་མི་ཚོར་ཏོག་དབྱིབས་རིམས་ནད་ཀྱི་དཀལ་ངལ་སེལ་ཆེད་ཡོ་སྒོར་ཆིག་ཁྲི་བརྒྱད་སྟོང་ལྷག་གི་ཞལ་འདེབས་ཕུལ་གནང་འདུག
- 2021-07-09
-
-
-
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་འབོད་སྐུལ་གནང་བ་བཞིན་ནུབ་ཡོ་རོབ་ཁུལ་དུ་གནས་པའི་བོད་མི་ཚོས་རྒྱ་གར་ནང་ཡོད་པའི་བོད་མི་ཚོར་ཏོག་དབྱིབས་རིམས་ནད་ཀྱི་དཀལ་ངལ་སེལ་ཆེད་ཡོ་སྒོར་ཆིག་ཁྲི་བརྒྱད་སྟོང་ལྷག་གི་ཞལ་འདེབས་ཕུལ་གནང་འདུག
འདི་ལོ་ཕྱི་ཟླ་ལྔ་པའི་ཚེས་༢༩་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་བོད་མིའི་གཞིས་ཆགས་ཁག་ཏུ་ཏོག་དབྱིབས་རིམས་ནད་ཀྱི་ངལ་སེལ་དང་འབྲེལ་བའི་ཐད། འཛམ་གླིང་ས་ཕྱོགས་གང་སར་གནས་བཞུགས་གནང་མཁན་བོད་མི་རྣམས་མཉམ་ཞུགས་གནང་རྒྱུའི་འབོད་སྐུལ་ཞུས་གནང་བ་བཞིན་སྦེལ་ཇམ་སྐུ་ཚབ་དོན་གཅོད་ཁང་གིས་གཙོ་ཁྲིད་གནང་བའི་འོག་ནུབ་ཡོ་རོབ་ཁུལ་གྱི་བོད་མི་རྣམས་ཀྱིས་ཏོག་དབྱིབས་རིམས་ནད་ཀྱི་ངལ་སེལ་ཐད་ད་རེས་སླར་ཡང་ཆིག་སྒྲིལ་གྱི་ནུས་པ་བཏོན་ནས། ཡོ་རོབ་ཁུལ་གྱི་སྦེལ་ཇམ་རྒྱལ་ཁབ་ནས་ཡོ་སྒོར་ཆིག་ཁྲི་གཉིས་སྟོང་དགུ་བརྒྱ་ལྷག་ཙམ་ཞིག་དང་། ཧྥ་རན་སི་ནས་ཡོ་སྒོར་བཞི་སྟོང་བརྒྱ་དང་བདུན་བཅུ་ལྷག་ཙམ་ཞིག ནེ་ཌལ་ལན་ཌེ་ནས་ཡོ་སྒོར་ལྔ་བརྒྱ་བཅུ་དང་། སི་པན་ནས་ཡུ་སྒོར་ཆིག་སྟོང་བརྒྱ་དང་དྲུག་བཅུ་རེ་བརྒྱད་བཅས་ནུབ་ཡུ་རོབ་ཁུལ་དུ་གནས་སྡོད་གནང་མཁན་བོད་མི་རྣམས་ཀྱིས་ཁྱོན་ཡོ་སྒོར་ཆིག་ཁྲི་བརྒྱད་སྟོང་བདུན་བརྒྱ་ལྔ་བཅུ་ལྔ་བཞི་ལྷག་ཙམ་ཞིག་རྒྱ་གར་ནང་ཡོད་པའི་བོད་མི་ཚོའི་ཏོག་དབྱིབས་རིམས་ནད་ཀྱི་ངལ་སེལ་ཆེད་དུ་ཞལ་འདེབས་སུ། མགྱོགས་མྱུར་དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་སུ་ཕུལ་གནང་རྒྱུ་ཡིན་པ་རེད་འདུག
ནུབ་ཡུ་རོབ་ཁུལ་གྱི་བོད་མི་ཚོས་འདི་ལོའི་ཕྱི་ཟླ་ལྔ་པའི་ནང་དུའང་རྒྱ་གར་གཞུང་གིས་(PM Care Fund)་ཞེས་པའི་མཚན་ཐོག་ལ་ཡོ་སྒོར་བཞི་ཁྲི་ལྔ་སྟོང་ལྔ་བརྒྱ་སུམ་བཅུ་ལྷག་ཙམ་ཞིག་ཏོག་དབྱིབས་རིམས་ནད་ངལ་སེལ་ཆེད་ཞལ་འདེབས་ཕུལ་གནང་ཡོད་པ་རེད།
ཡོ་རོབ་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱིས། ད་རེས་ནུབ་ཡོ་རོབ་ཁུལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་ཡོ་སྒོར་ཧ་ལམ་ཆིག་ཁྲི་དགུ་སྟོང་ལྷག་ཞལ་འདེབས་སུ་ཕུལ་གནང་བ་ནི་གདུང་སེམས་མཉམ་སྐྱེས་དང་། ཆིག་སྒྲིལ་གྱི་ནུས་པ་ཕུངས་པའི་རྣམ་པ་ཧ་ཅང་གསལ་པོ་ཞིག་ཡིན་པར་ཡིད་ཆེས་ཞུ་བཞིན་ཡོད་པ་དང་བཅས་ཐུགས་རྗེ་ཆེ་ཞུས་འདུག