རྒྱ་གར་ལྷོ་ཕྱོགས་སུ་བོད་མི་ཏོག་དབྱིབས་རིམས་ནད་ཕོག་ཡོད་པ་ཇེ་མང་དུ་འགྲོ་བཞིན་འདུག
རྒྱ་གར་ལྷོ་ཕྱོགས་སྦེང་ལོར་བོད་ཁྱིམ་སྡོད་ཁང་གི་ནང་ཀོ་ཝིཌ་༡༩་ཏོག་དབྱིབས་རིམས་ནད་ཕོག་པའི་ནད་པ་༡༨ཐོན་ཡོད་པ་དང་གཞན་ལྷོ་ཕྱོགས་ཁུལ་དུ་བོད་མི་ཏོག་དབྱིབས་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་འདུག
- 2021-04-23
-
-
-
Your browser doesn’t support HTML5 audio
རྒྱ་གར་ལྷོ་ཕྱོགས་སྦེང་ལོར་བོད་ཁྱིམ་སྡོད་ཁང་གི་ནང་ཀོ་ཝིཌ་༡༩་ཏོག་དབྱིབས་རིམས་ནད་ཕོག་པའི་ནད་པ་༡༨ཐོན་ཡོད་པ་དང་གཞན་ལྷོ་ཕྱོགས་ཁུལ་དུ་བོད་མི་ཏོག་དབྱིབས་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་འདུག
ཟླ་བ་འདིའི་ཕྱི་ཚེས་༡༨་ཉིན། རྒྱ་གར་ལྷོ་ཕྱོགས་སྦེང་ལོར་བོད་ཁྱིམ་སློབ་ཕྲུག་སྡོད་ཁང་གི་ཟ་ཁང་གི་ལས་བྱེད་ཞིག་ལ་ཀོ་ཝིཌ་༡༩་(covid19)ཏོག་དབྱིབས་ནད་ཡམས་འགོས་པ་ཤེས་རྟོགས་བྱུང་བའི་རྗེས། སློབ་ཕྲུག་སྡོད་ཁང་གི་ལས་བྱེད་དང་སློབ་ཕྲུག་བཅས་ཁྱོན་མི་གྲངས་༡༦༠་ལ་རིམ་པས་བརྟག་དཔྱད་བྱས་ནས། ཉིན་དང་པོའི་རྟག་དཔྱད་གྲུབ་འབྲས་འདི་ཚེས་༢༢་ཉིན་ཐོན་པའི་ནང་། ཁྱོན་ལས་བྱེད་དང་སློབ་མ་བཅས་མི་གྲངས་༡༨་ལ་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཡོད་པ་ཤེས་རྟོགས་བྱུང་རྗེས། ཁོང་ཚོ་སློབ་གྲྭའི་ཚོགས་ཁང་དང་། དཔེ་མཛོད་ཁང་། སོ་སོའི་ཁྱིམ་བཅས་སུ་ཟུར་བཀག་བྱས་ནས་བཞག་ཡོད་པ་དང་། ད་དུང་ཡང་སློབ་ཕྲུག་༥༠་ཡི་བརྟག་དཔྱད་ཀྱི་གྲུབ་འབྲས་དེ་ད་དུང་ཡང་ཐོན་རྒྱུ་ཡིན་པ་རེད། ད་ལྟའི་ཆར་ནད་པ་རྣམས་ལ་ལས་བྱེད་པ་དང་བོད་ཕྲུག་དྭང་བླང་བ་ཚོས་རོགས་རམ་བྱེད་བཞིན་ཡོད་ཀྱང་ད་དུང་མ་བྱན་མེད་པ་དང་ལས་བྱེད་པ་ཚོ་མི་ཁོམ་པ་མ་ཟད། ད་དུང་ནད་པ་རྣམས་ལོགས་སུ་ཟུར་བཀག་བྱ་ཡུལ་མེད་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ། སྦེང་ལོར་བོད་ཁྱིམ་སློབ་ཕྲུག་སྡོད་ཁང་གི་འགན་འཛིན་ཆོས་དབྱིངས་ལྷ་མོ་ལགས་ཀྱིས་ངོ་སྤྲོད་གནང་བྱུང་།
སྤྱིར་བཏང་སྦེང་ལོར་བོད་ཁྱིམ་སློབ་ཕྲུག་གི་སྡོད་ཁང་ནང་དེ་སྔོན་ལས་བྱེད་དང་སློབ་ཕྲུག་ཁྱོན་བསྡོམས་༡༥༠་ལྷག་ཙམ་ཞིག་ཡོད་པ་ལས། ནད་ཡམས་ཀྱི་རྐྱེན་པས་སློབ་མ་རང་ཁྱིམ་དུ་ཕྱིར་ལོག་བྱེད་མཁན་བྱུང་བར་བརྟེན་ད་ལྟའི་ཆར་ཁྱོན་མི་གྲངས་༡༠༠་ཡས་སྨད་ཤིག་མ་གཏོགས་མེད་པ་རེད་འདུག
དེ་བཞིན་རྒྱ་གར་ལྷོ་ཕྱོགས་སུ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ལྔ་ཡོད་པའི་ནང་ནས། ཧོན་སུར་བོད་མིའི་གཞིས་ཆགས་དང་། དེའི་ཉེ་འཁོར་རྒྱ་གར་གྲོང་གསེབ་ཁག་གི་ནང་ཏོག་དབྱིབས་ནད་པ་མང་པོ་ཐོན་པའི་རྐྱེན་གྱིས། ས་གནས་ཁག་དེ་དག་ནང་འགྲུལ་བཞུད་མི་ཆོག་པ་ས་གནས་རྒྱ་གར་གཞུང་གིས་བཀོད་ཁྱབ་བཏང་ཡོད་པ་རབ་རྒྱས་གླིང་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་བྱུང་།
གཞན་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཁུངས་ཀྱི་ནང་ཏོག་དབྱིབས་ནད་པ་བོད་མི་དྲུག་བྱུང་ཡོད་པ་དང་། དེ་མཚུངས་སྦེ་ལ་ཀོ་པི་གཞིས་ཁུངས་ཀྱི་ནང་ཏོག་དབྱིབས་ནད་པ་༡༢ཐོན་ཡོད་པ། མོན་གྷོ་འདོད་རྒུ་གླིང་གཞིས་ཁུངས་ཀྱི་ནང་བོད་མི་ཏོག་དབྱིབས་ནད་པ་༡༥བྱུང་ཡོད་པ་རེད་འདུག་ལ་གཞིས་ཁུངས་དེའི་ནང་ད་ཆ་སྨན་པ་མེད་པའི་དཀའ་ངལ་ཡོད་པ་འདོད་རྒུ་གླིང་འཕྲོད་བསྟེན་འགན་འཛིན་ངག་དབང་ཐུབ་བསྟན་ལགས་ཀྱི་གསུང་གནང་བྱུང་།
གཞི་རྩའི་ཆ་ནས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེ་གཞུང་གིས། ཟླ་བ་འདིའི་ཕྱི་ཚེས་༢༢་ནས་ཟླ་བ་རྗེས་མའི་ཕྱི་ཚེས་༤་བར་གྱི་བདུན་ཕྲག་གཉིས་རིང་། མངའ་སྡེ་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་དུ་མི་འགྲོ་བའི་སྔོན་འགོག་གི་ཆེད་མངའ་ཁུལ་དེའི་ནང་ཡོད་པ་ཤེས་ཡོན་བསྟི་གནས་ཁང་ཁག་སོགས་སྒོ་རྒྱབ་པ་དང་། མི་མང་འདུ་འཛོམས་མི་ཆོག་པ། ཉིན་ལྟར་དགོང་དྲོ་དང་གཟའ་མཇུག་ཐེམ་སྤང་བཀའ་རྒྱ་བཏང་ཡོད་པརེད།
བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོ་ལྟར་ན། འདི་ཚེས་༢༢བར་རྒྱ་བལ་འབྲུག་གསུམ་ནང་བོད་མི་ཏོག་དབྱིབས་རིམས་ནད་ཕོག་པ་མི་གྲངས་༢༡༣༢་དང་། དྲག་སྐྱེད་བྱུང་བ་༡༦༩༢ འདས་གྲོངས་སུ་ཕྱིན་པ་༥༠ ད་ལྟ་ནད་མནར་བཞིན་པ་༣༥༥་དང་བདུན་ཕྲག་འདིའི་ནང་གསར་དུ་ཐོན་པ་ནད་པ་༢༦༠་བྱུང་ཡོད་པ་རེད་འདུག
ནད་ཡམས་ཁྱབ་གདལ་བྱུང་བ་ནས་ཕྱི་ཟླ་༤བའི་ཚེས་༢༣ཉིན་གྱི་དགོང་མོ་བར། རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་རིམས་ནད་ཕོག་པའི་ནད་པའི་གྲངས་འབོར་ས་ཡ་བཅུ་དྲུག་དང་འབུམ་དྲུག་བརྒལ་ཡོད་པ་དང་། སྤྱི་ལོ་༢༠༡༩ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་། ཀོ་ཝིཌ་༡༩་(Covid-19)ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་མཆེད་པ་ནས་བཟུང་། འདི་ཚེས་༢༣་བར་འཛམ་གླིང་གི་རྒྱལ་ཁབ་དང་། ཡུལ་གྲུ་ཁག་༢༡༠ལྷག་གི་ནང་ནད་ཡམས་དེ་ཁྱབ་གདལ་ཕྱིན་ནས། ད་བར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གསར་བའི་ནད་ཡམས་འགོས་ཡོད་པའི་ནད་པ་མི་གྲངས་145731778་བྱུང་བའི་ཁྲོད། མི་གྲངས་3087528་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།