རྒྱ་ནག་གཞུང་གིས་ཞིས་ཨན་གྲོང་ཁྱེར་ཁྱིམ་སྡོད་བཀའ་རྒྱའི་དམ་དྲག་འོག་བཞག་འདུག
རྒྱ་ནག་གཞུང་གིས་ཁྱིམ་སྡོད་བཀའ་རྒྱ་བཏང་ཡོད་པའི་ཞིས་ཨན་(Xi’an)་གྲོང་ཁྱེར་ནང་དུ་ཏོག་དབྱིབས་ནད་ཡམས་གསར་པ་འགོས་པའི་གྲངས་ཀ་ཉུང་དུ་ཕྱིན་ཡོད་ཚུལ་བསྒྲགས་ཡོད་ཀྱང་ཟུར་བཀག་འོག་ཡོད་པའི་སྡོམ་འབོར་མི་གྲངས་བཞི་ཁྲི་ཉིས་སྟོང་ཡོད་འདུག
- 2022-01-05
-
-
-
དེ་ཡང་རྒྱ་ནག་གཞུང་གིས་རྒྱ་ནག་གི་བྱང་ཕྱོགས་ཞིས་ཨན་(Xi’an)་གྲོང་ཁྱེར་དང་དེའི་ས་གནས་ཁག་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་གྲངས་ཀ་ཉུང་དུ་ཕྱིན་ཡོད་པ་རེས་གཟའ་ལྷག་པའི་ཉིན་བཤད་ཡོད་ཀྱང་། ཞིས་ཨན་གྲོང་ཁྱེར་དེ་བཞིན་བདུན་ཕྲག་གཉིས་རིང་ཁྱིམ་སྡོད་བཀའ་རྒྱའི་དམ་དྲག་འོག་ཏུ་གནས་བཞིན་ཡོད་པ་དང་། དེ་ནི་ཞིས་ཨན་མི་མང་ཚོར་གྲོང་ཁྱེར་གཞུང་གིས་དགོས་མཁོའི་དངོས་ཟོག་མཁོ་འདོན་གྱི་ལས་དོན་ཐུབ་མིན་གྱི་ཚོད་ལྟ་ཞིག་ཡིན་ཚུལ་བཤད་ཡོད་ཀྱང་ཟུར་བཀག་འོག་ཡོད་པའི་སྡོམ་འབོར་མི་གྲངས་བཞི་ཁྲི་ཉིས་སྟོང་ཡིན་པ་རེད།
དེ་དང་ཆབས་ཅིག་རིང་མིན་ཕྱི་ཟླ་གཉིས་པའི་ཚེས་༤་ཉིན་ནས་པེ་ཅིང་དུ་དགུན་དུས་(Olympics)་རྩེད་འགྲན་འགོ་བཙུགས་ཀྱི་ཡོད་པ་བརྟེན་ནས། རྒྱ་ནག་གཞུང་གིས་རྩེད་འགྲན་དེར་དོ་ཕོགས་མི་ཐེབས་པའི་ཆེད་དུ་སྔོན་འགོག་གི་ལས་དོན་ཤུགས་སྣོན་ཆེན་པོ་བྱེད་བཞིན་པ་རེད།
དེ་བཞིན་ཧོང་ཀོང་ནང་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་ཀྱི་ངོ་བོ་འགྱུར་བའི་འགོས་ ནད་(Omicron)་ཀྱི་ནད་རྟགས་ཐོན་པ་ཇེ་མང་དུ་སོང་རྗེས། ཧོང་ཀོང་གཞུང་གིས་ནད་ ཡམས་དེ་འགོས་ཁྱབ་མི་འགྲོ་བའི་སྔོན་འགོག་ཆེད་ཐེ་ཝན་གཙོས་རྒྱལ་ཁབ་བརྒྱད་ཀྱི་འགྲུལ་བསྐྱེལ་གནམ་གྲུ་ཡོང་རྒྱུ་བཀག་འགོག་བྱས་འདུག
གསར་འགོད་པ། ཉི་མ་གཡུ་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།