རྒྱ་ནག་ནང་གནམ་གཤིས་གྲང་ངར་ཆེ་བའི་དཀའ་ངལ་འཕྲད་པ།

རྒྱ་ནག་ནང་ཁ་བ་ཤུགས་ཆེན་པོ་འབབ་པ་དང་གནམ་གཤིས་གྲང་ངར་ཆེ་བའི་རྐྱེན་གྱིས་འགྲིམས་འགྲུལ་སྟོང་ཕྲག་མང་པོར་འགོག་རྐྱེན་བཟོས་ཡོད་པ།

2008.12.21

༄༅༎རྒྱ་ནག་གི་བྱང་ཕྱོགས་ས་ཁུལ་ནང་ཁ་བ་ཤུགས་ཆེན་པོ་འབབ་པ་དང་གནམ་གཤིས་གྲང་ངར་ཆེ་བའི་རྐྱེན་གྱིས་འགྲིམས་འགྲུལ་སྟོང་ཕྲག་མང་པོར་འགོག་རྐྱེན་བཟོས་ཡོད་པའི་སྐོར་དེ་རིང་རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་དང་གནམ་གཤིས་ལས་ཁུངས་ཀྱིས་གསལ་བསྒྲགས་བྱས་ཡོད་པ་རེད།

རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་ཉེ་ཁྲིད་གྲོང་ཁྱེར་ཐེན་ཅིན་ནང་ཁ་བ་ཤུགས་ཆེན་པོ་འབབ་པའི་རྐྱེན་གྱིས་པིན་ཧའེ་རྒྱལ་སྤྱིའི་གནམ་ཐང་ནས་ཕུར་བསྐྱོད་བྱེད་མཁན་གྱི་གནམ་གྲུ་ཡོངས་རྫོགས་ཕྱིར་འགྱངས་བྱ་དགོས་བྱུང་ཡོད་པ་མ་ཟད་རི་ལིའི་འགྲོ་ལམ་དང་མོ་ཊའི་འགྲོ་ལམ་ཡང་འགག་ཡོད་པའི་སྐོར་རྒྱ་ནག་གཞུང་གི་བརྙན་འཕྲིན་ཐོག་རྒྱང་བསྲིང་བྱས་ཡོད་པ་རེད། རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ལའང་གནམ་གཤིས་ཧ་ཅང་གི་གྲང་ངར་དང་རླུང་བསིལ་བརྒྱབ་སྟེ་གནམ་གཤིས་ཀྱི་གྲང་ངར་གྱི་ཚད་གཞི་བཅུ་བདུན་དུ་གྱུར་ཡོད་པ་དང་རྒྱ་ནག་གི་ལྷོ་བྱང་ཀན་སུའུ་དང་ཧྲན་ཞི་ཞིང་ཆེན་གཉིས་དང་ད་དུང་བྱང་ཕྱོགས་ནང་སོག་ནང་ལའང་ཁ་བ་ཚུགས་ཆེན་པོ་འབབ་པ་དང་ཡང་ན་གངས་མ་ཆར་འབབ་པའི་རྐྱེན་གྱིས་གནམ་གཤིས་ཀྱི་གྲང་ངར་ཧ་ཅང་གི་དམའ་རུ་ཕྱིན་ཏེ་རྒྱ་ནག་རྒྱལ་ཡོངས་ཀྱི་གནམ་གཤིས་སྡོན་བརྡ་བཏང་བར་གཞིགས་ན་རྒྱ་ནག་ལྷོ་བྱང་ཁུལ་དུ་ཁ་བ་དང་གངས་མ་ཆར་འབབ་པ་དང་གནམ་གཤིས་གྲང་ངར་ཚད་གཞི་དམའ་རུ་འགྲོ་བ་དེ་ཡིས་རྒྱ་ནག་གི་དབུས་དང་ཤར་ཕྱོགས་ས་ཁུལ།ལྷོ་ཕྱོགས་བཅས་ནང་ཉིན་གྲངས་གཉིས་རིང་མུ་མཐུད་ཁ་བ་དང་གངས་མ་ཆར་འབབ་སྲིད་པའི་ཉེན་བརྡ་གཏོང་བཞིན་ཡོད་པ་རེད། འདི་ལོའི་མགོ་སྟོད་དུ་རྒྱ་མིའི་ལོ་གསར་གྱི་སྐབས་སུ་རྒྱ་ནག་གི་དབུས་དང་ལྷོ་ཕྱོགས་ས་ཁུལ་ནང་གནམ་གཤིས་གྲང་ངར་བསྟན་པ་དང་འཁྱགས་པ་དང་དྲག་ཆར་འདྲེས་མའི་གནམ་གཤིས་ཧ་ཅང་གི་སྡུག་པོ་བསྟན་ཏེ་མི་གྲངས་བརྒྱ་དང་ཉི་ཤུ་རྩ་དགུ་རྐྱེན་ལམ་དུ་ཕྱིན་པ་དང་འགྲིམས་འགྲུལ་འགག་པ་མ་ཟད་མི་དམངས་ས་ཡ་མང་པོར་གློག་དང་འཐུང་ཆུ་སོགས་མེད་པར་གྱུར་བ་སོགས་ཀྱིས་རྒྱ་མིའི་ལོ་གསར་གཏོང་བར་ཁྱིམ་དུ་ལོག་མཁན་ཚོར་འགྲིམས་འགྲུལ་བྱེད་མ་ཐུབ་པར་དཀའ་ངལ་ཆེན་པོར་གྱུར་ཡོད་པ་བརྟེན་ནས་འདི་ལོའི་ཕྱི་ལོ་གསར་པའི་ལོ་གསར་སྐབས་ལ་གནམ་གཤིས་ཀྱི་དཀའ་ངལ་འཕྲད་རྒྱུ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎