ཆོས་དབྱིངས་སྐྱིད་ལགས་ཨོ་ལིམ་པིཀསི་རྩེད་འགྲན་ཁྲོད་གསེར་གྱི་རྟགས་མ་ལེན་མཁན་བོད་མི་ཐོག་མ་ཆགས་འདུག

ཆོས་དབྱིངས་སྐྱིད་ལགས་སུ་ཕྱི་ལོ་༢༠༡༢ལོའི་ལོན་ཌོན་ཨོ་ལིམ་པིཀསི་རྩེད་འགྲན་གྱི་འདུར་རྒྱུག་ཁྲོད་གསེར་གྱི་རྟགས་མ་ཐོབ་པ་རིམ་འཕར་ཁ་གསབ་བྱས་ཏེ་ཨོ་ལིམ་པིཀསི་རྩེད་འགྲན་ཁྲོད་བོད་མི་ཞིག་ལ་གསེར་གྱི་རྟགས་མ་ཐོབ་པ་ཐོག་མ་གྱུར་འདུག

ཆོས་དབྱིངས་སྐྱིད་ལགས་ཕྱི་ལོ་༢༠༡༢ལོའི་ལོན་ཌོན་ཨོ་ལིམ་པིཀསི་རྩེད་འགྲན་སྐབས། ༠༨།༡༡།༢༠༡༢ AP

ཟླ་བ་འདིའི་ཚེས་༢༢ཉིན་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་ཡིད་ཆེས་ལྷན་ཁང་(AIU)་གིས་གསལ་བསྒྲགས་སྤེལ་བའི་ནང་། དེ་སྔོན་ཕྱི་ལོ་༢༠༡༢ལོའི་ལོན་ཌོན་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་གྱི་བུད་མེད་འདུར་རྒྱུག་ཁྲོད་ཨང་དང་པོ་ལེན་མཁན་ར་ཤེ་ཡའི་བུད་མེད་ཨས་ལེ་ནཱ་ལ་ཞི་མཱ་ནཱོ་ཝ་(Elena Lashmanova)་ནས་ངར་སྐྱེད་སྨན་རྫས་འཐུང་པའི་གནས་ཚུལ་རྩད་ཞིབ་བརྒྱུད། ད་ལྟ་ཁོང་མོ་རང་ཉིད་ནས་ཀྱང་ངོས་ལེན་བྱས་རྗེས་ཁོ་མོའི་ཕྱི་ལོ་༢༠༡༢ལོ་དང་ཕྱི་ལོ་༢༠༡༤ལོའི་འགྲན་བསྡུར་རིམ་པའི་ཁྲོད་བྱ་དགའ་བླངས་བ་ཚང་མ་ཕྱིར་བསྡུ་བྱས་པར་བརྟེན། ཕྱི་ལོ་༢༠༡༢ལོའི་ལོན་ཌོན་ཨོ་ལིམ་པིཀསི་རྩེད་འགྲན་སྐབས་བུད་མེད་འདུར་རྒྱུག་ཁྲོད་ཨང་གསུམ་པ་ལེན་མཁན་ཆོས་དབྱིངས་སྐྱིད་ལགས་རྗེས་སུ། ཨང་གཉིས་པར་རིམ་འཕར་ཁ་གསབ་དང་། ད་ལྟ་བསྐྱར་དུ་ཨང་དང་པོར་རིམ་འཕར་ཁ་གསབ་བྱས་ནས། ད་ལྟ་དོན་དངོས་ཐོག་ཨོ་ལིམ་པིཀསི་རྩེད་འགྲན་ཁྲོད། ཆོས་དབྱིངས་སྐྱིད་ལགས་ནི་བོད་མི་ཞིག་མཉམ་ཞུགས་གནང་བ་ཐོག་མ་དང་། གསེར་གྱི་རྟགས་མ་ལེན་མཁན་ཐོག་མ་དེའང་ཆགས་ཀྱི་ཡོད་པ་རེད།
དེ་བཞིན་ཆོས་དབྱིངས་སྐྱིད་ལགས་སུ། གསེར་གྱི་རྟགས་མ་རིམ་འཕར་ཁ་གསབ་བྱས་པའི་རྗེས་སུ་རང་གི་ཝེ་པོ་(Weibo)་སྤྱི་ཚོགས་དྲ་ལམ་དུ། ལོ་ངོ་བཅུ་ཡི་རྗེས་སུ་གཞི་ནས་གསེར་གྱི་རྟགས་མར་རིམ་འཕར་ཁ་གསབ་བྱས་བར་དགའ་སྐྱོ་འདྲེས་མ་སྐྱེས་བྱུང་། དགའ་བ་ནི་རང་ཉིད་དེ་རང་གི་སེམས་སུ་ཨང་དང་པོ་ཆགས་པ་རེད། སྐྱོ་བ་དེ་སྐབས་དེའི་བྱ་དགའི་གར་སྟེགས་སྟེང་གི་གཟི་དཔལ་གྱི་སྤྲོ་བ་དེ་མྱོང་ཐུབ་མེད་པ་དེ་རེད། ཡིན་ཡང་ཡོད་ཚད་འདས་ཟིན་པ་རེད་ཅེས་ཚང་མར་ལོ་མང་རང་གི་རྒྱབ་སྐྱོར་དང་སྨོན་འདུན་ལ་བཀའ་དྲིན་ཆེ་ཞུས་འདུག
ཆོས་དབྱིངས་སྐྱིད་ལགས་ནི། ཕྱི་ལོ་༡༩༩༠ལོར་མདོ་སྨད་མཚོ་སྔོན་མཚོ་བྱང་ཁུལ་མདའ་བཞི་རྫོང་ཝ་མགྱོགས་སྡེ་བ་རུ་སྐྱེས་ཤིང་། དེ་སྔོན་བྷེར་ཛལ་དང་ཉི་ཧོང་ནང་འཚོགས་པའི་ཨོ་ལིམ་པིཀསི་རྩེད་འགྲན་ནང་ཞུགས་ཏེ་སོ་སོར་ཨང་རིམ་ལྔ་བ་དང་བདུན་པ་བླངས་མྱོང་ཡོད་འདུག

གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org