གྲོས་ཚོགས་ཀྱི་དྲ་ཚིགས་ནང་རྒྱ་ནག་གསང་འཛུལ་བྱས་འདུག

རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ལ་ཡོད་པའི་རྒྱ་ནག་གི་དྲ་རྒྱའི་གསང་ལས་ཁང་། ༢༠༡༣།༢།༡༩
རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ལ་ཡོད་པའི་རྒྱ་ནག་གི་དྲ་རྒྱའི་གསང་ལས་ཁང་། ༢༠༡༣།༢།༡༩ (པར། AFP)

ཨོ་སི་ཊོ་ལི་ཡའི་གྲོས་ཚོཊ་ཀྱི་དྲ་ཚིགས་ནང་རྒྱ་ནག་གསང་འཛུལ་བྱས་ཏེ་གྲོས་ཚོགས་འཐུས་མི་ཚོའི་གློག་འཕྲིན་ལ་ལྐོག་ལྟ་བྱས་འདུག
དེ་ཡང་ TheAustralian Financial Review ཞེས་ཨོ་སི་ཊོ་ལི་ཡའི་དངུས་རྩིས་བསྐྱར་ཞིབ་ཀྱི་གསར་ཤོག་ཐོག་གི་སྙན་ཐོ་ལྟར་ན། ཕྱི་ལོ་༢༠༡༡་ལོར་རྒྱ་ནག་གི་གསང་ཉུལ་བ་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་དྲ་རྒྱའི་ནང་གསང་འཛུལ་ནས་དུས་ཡུན་ལོ་གཅིག་ལྷག་གི་རིང་ཡུལ་དེའི་གྲོས་ཚོགས་འཐུས་མི་ཚོའི་དྲ་གནས་ལྟ་ཀློག་བྱས་ཡོད་པ་རེད། གསར་ཤོག་དེའི་ནང་གྲོང་ཁྱེར་སྲིད་གཞུང་དང་བདེ་འཇགས་མི་སྣས་གསུང་དོན། རྒྱ་ནག་གསང་བའི་ལས་ཁུངས་ཀྱིས་དྲ་ཚིགས་ལ་འཇབ་རྒོལ་བྱས་པའི་ཁྱབ་ཁོངས་རྒྱ་ཆེ་བ་ཙམ་ཡོད་པ་མ་ཟད། དྲ་ཚིགས་མ་ལག་ཡོངས་རྫོགས་ལ་སྟངས་འཛིན་བྱེད་པའི་ཤུགས་རྐྱེན་བྱུང་ཚུལ་བརྗོད་འདུག
ཡང་གནས་ཚུལ་འབྱུང་ཁུངས་ཀྱིས་གསར་འགོད་པར་གསུང་དོན། བྱ་སྤྱོད་འདི་ནི་ཁོ་པ་ཚོས་གཏེར་ཁུངས་བྲུས་ནས་གཏེར་རྡོ་ཚང་མ་ཁྲ་ལྷམ་མེར་མཐོང་རྒྱུ་ཡོད་པ་ནང་བཞིན་བཟོས་ཡོད་ལུགས་ངོ་སྤྲོད་གནང་འདུག ཨོ་སི་ཊོ་ལི་ཡའི་གསར་འགྱུར་ནང་༢༠༡༡ལོར་དྲ་རྒྱར་གནོད་འཚེ་བཏང་པའི་དོན་རྐྱེན་སྐོར་གནས་ཚུལ་བཏོན་པ་ཐོག་མ་ཡིན་ལུགས་བཤད་ཡོད་ཀྱང་དེའི་སྐབས་རྒྱ་ནག་གི་མྱུལ་མས་དུས་ཡུན་ཟླ་བ་གཅིག་ཙམ་རིང་ལྟ་ཀློག་བྱས་པ་ཁོ་ན་བཀོད་ཡོད་པ་རེད།
རྒྱ་ནག་ཕྱི་འབྲེལ་ཁང་གི་མགྲིན་ཚབ་པ་ཇིན་ཀང་གིས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་པའི་སྐབས་ཨོ་སི་ཊོ་ལི་ཡའི་གསར་འགྱུར་ནང་གནས་ཚུལ་འདི་འདྲ་བཀོད་ཡོད་པའི་སྐོར་ངས་ཤེས་ཀྱི་མེད་ཅེས་ལན་འདེབས་བྱས་འདུག

གསར་འགོད་པ་ཚེ་བརྟན་རྡོ་རྗེ།