རྒྱ་ནག་གཞུང་གིས་རྫ་དབོན་པོ་ཁུལ་གྱི་ཕ་སྐད་སྲུང་སྐྱོབ་ཚོགས་པ་དང་སྐད་འཕྲིན་ཚོགས་པ་ཚང་མ་སྒོ་རྒྱག་དགོས་པའི་བཙན་བཀའ་བཏང་ཡོད་འདུག
ཕྱི་ཟླ་༩ཚེས་༡༥ཉིན་རྒྱ་ནག་གཞུང་གིས་རྫ་དབོན་པོ་དགོན་གྲོང་གཉིས་སུ་སྔར་ལས་ལྷག་པས་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་པ་དང་། ཁུལ་དེར་ཡོད་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཚོགས་པ་ཁག་དང་མཎི་དུང་སྒྲུབ་ཚོགས་པ་སོགས་སྐད་འཕྲིན་ཚོགས་པ་ཁག་དང་། མི་མང་རང་བཞིན་གྱི་ཚོགས་པ་ཚང་མ་སྒོ་རྒྱག་དགོས་པ་ས་གནས་སྲིད་གཞུང་ནས་བཀོད་ཁྱབ་གཏོང་བཞིན་ཡོད་པ་མ་ཟད། ཉེན་རྟོག་པ་ཚོ་དགོན་པ་དང་གྲོང་ཁྱིམ་རེ་རེ་བྱས་ཏེ་བོད་མི་སུ་ཞིག་གིས་ཚོགས་པ་བཙུགས་ཡོད་མེད་དང་ཚོགས་པའི་ནང་མཉམ་ཞུགས་བྱས་ཡོད་མེད་སྐོར་ཞིབ་བཤེར་བྱ་རྒྱུ་ཡིན་པའི་ཉེན་བརྡ་གཏོང་བཞིན་ཡོད་སྐོར། བཙན་བྱོལ་ནང་ཡོད་པའི་བོད་མི་མིང་འབོད་བྱེད་འདོད་མེད་པ་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། རྫ་དབོན་པོ་ཁུལ་དུ་སྐད་ཡིག་སྲུང་སྐྱོབ་ཚོགས་པ་མང་པོ་ཞིག་ཡོད་པ་ལས་ཐེངས་འདིར་དམ་དྲག་བྱེད་ས་གཙོ་བོ་ཞིག་ཕ་སྐད་ཚོགས་པ་ཞེས་པ་དེ་ཡིན་པ་དང་། ཚོགས་པ་དེ་གཙོ་བོ་དེ་ས་གནས་དགེ་རྒན་དང་ཤེས་ཡོན་པ་མང་པོས་ཆེད་འཛུགས་ཀྱིས། དགུན་ཁ་ས་གནས་ཡུལ་མི་བོད་ཡིག་མི་ཤེས་མཁན་ཚོར་བོད་ཡིག་ཟབ་ཁྲིད་དང་། ལོ་ཆུང་བྱིས་པ་ཚོར་བོད་ཀྱི་བརྡ་སྤྲོད་དང་རྩོམ་ཡིག་སློབ་ཁྲིད་སོགས། ལས་གཞི་སྣ་མང་ཞིག་སྤེལ་བཞིན་ཡོད་ན་ཡང་། ཉེ་སྔོན་ནས་རྒྱ་ནག་གཞུང་གིས་སློབ་གྲྭ་ཁག་ནང་རྒྱ་ཡིག་སློབ་ཁྲིད་ཤུགས་ཆེ་རུ་བཏང་བར་བོད་མི་ཚོས་མི་འདོད་པའི་སྐད་ཆ་བཤད་པར་བརྟེན་ནས། བོད་མི་མང་པོ་ཞིག་འཛིན་བཟུང་དང་འབྲེལ་བོད་ཡིག་དང་བོད་སྐད་སྲུང་སྐྱོབ་བྱེད་མཁན་རིགས་ལ་དམ་དྲག་ཆེ་རུ་སོང་ཡོད་སྐོར་བརྗོད་བྱུང་།
ཕྱི་ཚེས་༡༤ཉིན་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཐེངས་འདིར་རྒྱ་ནག་གཞུང་གིས་རྫ་དབོན་པོ་ནས་འཛིན་བཟུང་བྱས་པའི་བོད་མིའི་ཁྲོད་གྲྭ་བསོད་པ། བློ་བཟང་ཆོས་འཛིན། པན་རྡོ། དཔལ་སྐྱབས། དེ་བཞིན་མི་སྐྱ་ཚངས་པ་དང་བུ་མོ་ཆོས་ལྷ་མོ།སྐར་སྒྲོན་བཅས་ཤེས་རྟོག་བྱུང་ཡོད་པ་བཞིན། ད་ལྟ་བསྐྱར་དུ་ཤེས་རྟོག་བྱུང་བའི་ཁྲོད་བློ་ལྡན་ཆུང་ལམ་དང་བསྟན་འཛིན་བློ་གསལ། བློ་ཤེར། ཆོས་མཆོག། དགའ་ལྡན། ཤེས་རབ། འཇམ་དཔལ། རྡ་ལོ། གཅོད་པ། བསོད་ནམས་དགའ་ལེགས། རྟ་མགྲིན་ནོར་བུ་སོགས་ཁྱོན་བོད་མི་སེར་སྐྱ་གྲངས་༡༨ཤེས་རྟོག་བྱུང་ཡོད་པ་རེད་ལ། བོད་མི་དེ་དག་ཁྲོད་༧གོང་ས་མཆོག་གི་སྐུ་པར་བསྡུ་ཉར་དང་བོད་ཀྱི་སྐད་ཡིག་ཐོབ་ཐང་སྐོར་ནས་སྐད་ཆ་བཤད་པའི་ཉེས་མིང་གཡོག་ཏེ་འཛིན་བཟུང་བྱས་པ་བཅས་ཡོད་འདུག
ཉེ་ཆར་ཕྱི་ཟླ་༨ཚེས་༢༢་ནས་ཕྱི་ཟླ་༨ཟླ་མཇུག་བར་རྒྱ་ནག་ཉེན་རྟོག་པས་རྫ་དབོན་པོ་དགོན་གྲོང་གཉིས་སུ་སྔ་རྗེས་བོད་མི་སེར་སྐྱ་མི་མང་༡༢༡འཛིན་བཟུང་བྱས་པའི་ཁྲོད། བོད་མི་སྐྱ་བོ་༢་གཉིས་དང་བུད་མེད་གཅིག་དང་དགེ་འདུན་པ་གཅིག་བཅས་ཁྱོན་བོད་མི་སྐྱ་སེར་བཞི་གློད་གྲོལ་བཏང་ཡོད་པ་ལས། གཞན་བོད་མི་སྐྱ་སེར་༡༡༧་སེར་ཤུལ་རྫོང་ཐོག་ཏུ་མུ་མཐུད་བཀག་ཉར་འོག་ཡོད་པ་མ་ཟད། ད་ལྟའི་ཆར་འཛིན་བཟུང་བཀག་ཉར་འོག་ཡོད་པའི་བོད་མི་ཚོར་ཟ་མ་དང་གྱོན་ཆས་ཡག་པོ་མི་སྤྲོད་པ་དང་། ནད་གཞི་ལྕི་མོ་ཕོག་པའི་བུ་མོ་སྐར་སྒྲོན་ཞེས་པ་ཞིག་སྨན་ཁང་དུ་བསྟེན་གཏུགས་ཆེད་མི་གཏོང་པ་སོགས་བྱེད་བཞིན་ཡོད་པ་རེད་འདུག།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།