རྒྱ་ནག་གིས་ཨ་མི་རི་ཀའི་སྐྱོན་བརྗོད་ལ་དགག་ལན།

རྒྱ་ནག་གི་གནས་འཕྲིན་དྲ་རྒྱའི་རང་དབང་ཐད་ཨ་མི་རི་ཀས་སློབ་སྟོན་བྱེད་དགོས་ཡག་མེད་ཅེས་ཨ་མི་རི་ཀར་སྐྱོན་བརྗོད་བྱས་འདུག།

2010.01.23

༄༅༎ཉེ་དུས་རྒྱ་ནག་ནང་གུའུ་གལ་གྱི་དོན་རྐྱེན་དང་འབྲེལ་བའི་རྩོད་གཞིའི་གནད་དོན་ཐད། ཨ་མི་རི་ཀས་རྒྱ་ནག་ནང་གསར་སྤེལ་གྱི་རང་དབང་ལ་རྒྱ་ནག་གཞུང་གིས་རྩིས་མེད་རྡོག་རོལ་བཏང་གི་ཡོད་པའི་སྐྱོན་བརྗོད་གནང་བ་དེར། པེ་ཅིང་གི་གནས་འཕྲིན་དྲ་རྒྱའི་གསར་ལམ་མཐུན་ཚོགས་ཀྱི་ཚོགས་གཙོས་སྐྱོན་བརྗོད་བྱས་འདུག།

རྒྱ་མིའི་གནས་འཕྲིན་དྲ་རྒྱའི་གསར་ལམ་མཐུན་ཚོགས་ཀྱི་ཚོགས་གཙོ་མིན་ཏ་ཧོང་གིས་རེས་གཟའ་ཕུར་བུའི་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཀི་ལིན་ཀྲེན་གྱིས་གཏམ་བཤད་ནང་རྒྱ་ནག་ལ་གུས་བསྐུར་ཙ་བ་ནས་བྱས་མེད་པ་དེ་ནི། རྒྱ་ནག་རྒྱལ་ཁབ་ཀྱ་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་གི་གནད་དོན་གྱི་ཐོག་ནས་ངོས་ལེན་བྱེད་ཐུབ་རྒྱུ་རྩ་བ་ནས་མེད་སྐོར་བརྗོད་འདུག།

ཉེ་བའི་ཆར་བྱུང་བའི་གུའུ་གལ་གནས་འཕྲིན་དྲ་རྒྱའི་རྩོད་རྙོག་དེ་དང་དངུལ་གྱི་ཛ་ཐང༌། ཐའེ་ལྦན་ལ་ཨ་མི་རི་ཀས་གོ་མཚོན་ཚོང་སྒྱུར་དང་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་གནད་དོན་བཅས་ནི་རྒྱ་ནག་དང་ཨ་མི་རི་ཀའི་དབར་གྱི་འབྲེལ་བར་དོ་ཕོག་འགྲོ་གཞིའི་གནད་དོན་གཙོ་བོ་ཆགས་བཞིན་ཡོད་པ་རེད།

མིན་ཏ་ཧོང་གིས་རྒྱ་ནག་གཞུང་འབྲེལ་ཤིན་ཧཱ་གསར་ལས་ཁང་གི་བཅར་འདྲིར་ལན་འདེབས་བྱེད་སྐབས། རྒྱ་ནག་གི་གནས་འཕྲིན་དྲ་རྒྱ་གོང་འཕེལ་ཇི་ལྟར་གཏོང་དགོས་མིན་དང༌། དེ་ཚོའི་ཐོག་བདག་གཉེར་བྱེད་སྟངས་ཐད་ཨ་མི་རི་ཀས་སློབ་སྟོན་བྱེད་དགོས་ཡག་མེད་པ་དང༌། དེ་ནི་རྒྱ་ནག་མང་ཚོགས་ཀྱིས་ལས་ཀ་ཞིག་རེད་ཅེས་ཨ་མི་རི་ཀར་སྐྱོན་བརྗོད་བྱས་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎