རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོར་སྐྱོན་བརྗོད།

རྒྱ་ནག་ཕྱོགས་ནས་ཨ་མི་རི་ཀའི་འགྲོ་བ་མིའི་ཐོབ་ཐང་སྐོར་སྙན་ཐོ་དེ་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་ཇུས་བྱས་པ་རེད་ཅེས་སྐྱོན་བརྗོད་བྱས་པ།

2009.02.27

༄༅༎རེས་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡག་པོ་མེད་པའི་སྐོར་སྙན་ཐོ་འདོན་སྤེལ་གནང་བ་དེར་རྒྱ་ནག་ཕྱོགས་ནས་སྙན་ཐོ་དེ་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་ཇུས་བྱས་པ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།

ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བཏོན་གནང་བའི་ཉིས་སྟོང་བརྒྱད་ལོའི་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་ཐོག་དྲག་གནོན་གྱི་བྱ་སྤྱོད་ཤུགས་ཆེ་རུ་བཏང་བ་དང་ད་དུང་བོད་དང་རྒྱ་ནག་གི་ས་ཁུལ་གཞན་དག་ནང་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་འཛིན་བཟུང་བྱེད་རྒྱུ་མང་དུ་བཏང་བ་མ་ཟད་ཁོང་ཚོའི་ཐོག་གདུང་རྩུབ་དང་བརྙས་བཅོས།བསུན་བཙིར་བཟོ་བའི་བྱ་སྤྱོད་ཤུགས་ཆེ་རུ་བཏང་བའི་སྐོར་དང་ད་དུང་རྒྱ་ནག་གཞུང་གིས་མི་དམངས་ལ་སྒེར་གྱི་ཐོབ་ཐང་དང་སྨྲ་བརྗོད་རང་དབང༌།འདུ་འཛོམས་ཀྱི་རང་དབང༌།ལས་འགུལ་དང་བྱེད་སྒོ་སྤེལ་མི་ཆོག་པའི་དམ་བསྒྲགས་བྱས་པ་ལྷག་པར་དུ་མི་གང་བྱུང་དུ་དམར་གསོད་བཏང་བ་དང་སྡུག་སྦྱོང་མནར་གཅོད་བཏང་བ།བཙོན་པ་ཚོར་ནག་ཉེས་ཁས་ལེན་བྱེད་ཐབས་སུ་ཚ་འདྲི་བྱས་པ།བཙོན་པ་རྣམས་ལ་བཙན་དབང་གིས་ངལ་རྩོལ་སྐུལ་བའི་བྱ་སྤྱོད་ལག་བསྟར་བྱས་ཡོད་པ་སྐྱོན་བརྗོད་གནང་ཡོད་པ་རེད། རེས་གཟའ་ལྷག་པའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཨ་མི་རི་ཀའི་སྙན་ཐོ་དེར་དགག་ལན་ཞིག་སྤེལ་ཏེ་སྙན་ཐོ་དེ་ནི་གཞི་རྩ་རྩ་བ་ནས་མེད་པ་ཞིག་དང་ཨ་རིའི་ཕྱོགས་ནས་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ལ་ཐེ་ཇུས་བྱས་པ་ཞིག་ཡིན་པ་དང་ཨ་མི་རི་ཀ་རང་ཉིད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་ཐོག་བསམ་ཞིབ་བྱ་དགོས་པ་དང་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཀྱི་ཡོད་ཚུལ་རྣམ་པ་བཏོན་ཐབས་མཚམས་འཇོག་བྱས་ཏེ་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་བཤད་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎