དབྱིན་ཡུལ་དུ་༧གོང་ས་མཆོག་གིས་མང་ཚོགས་ཀྱི་བཅའ་དྲིར་བཀའ་ལན།

༧གོང་ས་མཆོག་གིས་དབྱིན་ཡུལ་གྱི་མེན་ཆེསི་ཀྲར་རྩེད་ཐང་ཆེན་མོར་མང་ཚོགས་ཀྱི་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ཅིག་ལ་བཀའ་ལན།

2012.06.18

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཡུལ་གྱི་མེན་ཆེསི་ཀྲར་རྩེད་ཐང་ཆེན་མོའི་ནང་མང་ཚོགས་ལ་འགྱུར་བ་ངོ་མ་དེ་སེམས་ལ་ཐེབས་དགོས་ཞེས་པའི་བརྗོད་གཞིའི་སྐོར་བཀའ་སློབ་གནང་གྲུབ་རྗེས་། མང་ཚོགས་ཀྱི་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ཅིག་ལ་བཀའ་ལན་གནང་ཡོད་པ་རེད། བཀའ་འདྲི་ཞུ་མཁན་གྱི་གྲས་སུ་རྒྱ་རིགས་སློབ་མ་བུ་མོ་ཞིག་ནས་ བོད་ནང་གི་འབྱུང་རྐྱེན་ལ་བློ་ཕམ་དང་བོད་པའི་རིག་གཞུང་མི་ཉམ་རྒྱུན་འཛིན་བྱེད་དགོས་པའི་ཐད་སེམས་འཁུར་གསལ་བཏོན་བྱས་འདུག།

དེ་བཞིན་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་བཀའ་འགྲེལ་གནང་སྐབས། མི་འགའ་ཤས་ཀྱིས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་མུ་མཐུད་ཕེབས་དགོས་ཡག་དེ་བོད་པའི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུར་དགོས་ངེས་ཅན་ཞིག་ཡིན་པ་བསམ་གྱི་ཡོད་ནའང༌། དེ་ལྟར་མིན་སྐོར་བཀའ་གནང་ཡོད་ཅིང༌། སྐུའི་ཡང་སྲིད་ཀྱི་གནད་དོན་དེའི་ཐོག་དྲི་བ་གཉིས་ཡོད་པ་ནས་དང་པོ་དེ་། ༧གོང་ས་མཆོག་གི་ཡང་སྲིད་མུ་མཐུད་ཕེབས་དགོས་ཀྱི་ཡོད་མེད་དང༌། གཉིས་པ་གལ་ཏེ་སྐུའི་ཡང་སྲིད་ཕེབས་དགོས་ཀྱི་ཡོད་ཚེ་ཡང་སྲིད་རྗེས་མ་དེ་ཇི་ལྟར་ངོས་འཛིན་ཞུ་དགོས་ཀྱི་ཡོད་མེད་གཉིས་རེད་ཅེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་གནང་བ་དང་ཆབས་ཅིག། སྔ་ལོ་༧གོང་ས་མཆོག་ནས་རྒྱལ་བའི་ཡང་སྲིད་རྩད་གཅོད་ཞུ་སྟངས་སྐོར་བཀའ་སློབ་རྒྱས་པ་ཞིག་གནང་ཡོད་པའི་སྐབས་སུ་ ༧གོང་ས་མཆོག་གུང་གྲངས་༨༩ལ་ཕེབས་དུས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཁག་གི་བླ་ཆེན་རྣམ་པ་ཚོ་དང་བཀའ་བསྡུར་གནང་རྩིས་ཡོད་སྐོར་བཀའ་གནང་བ་བཞིན། གནས་ཚུལ་ག་རེ་ཆགས་མིན་ད་དུང་ལོ་༡༢སྒུག་སྡོད་བྱེད་དགོས་པའི་སྐོར་བཀའ་གནང་འདུག།

དེ་བཞིན་༧གོང་ས་མཆོག་གིས་ གནས་ཚུལ་ངོ་མ་ཕྱི་ཕྱོགས་སུ་མ་ཁྱབ་པའི་དམ་བསྒྲགས་ཤུགས་ཆེ་བྱ་ཡུལ་རྒྱ་ནག་གི་སྤྱི་ཚོགས་དེ་བཞིན་གུ་ཡངས་སུ་གཏོང་དགོས་རྒྱུ་དང༌།གསར་འགྱུར་ཐོག་འགོག་སྡོམས་མཚམས་འཇོག་བྱེད་དགོས་པ་དང་ཆབས་ཅིག། རྒྱ་ནག་རྒྱལ་ཁབ་ཀྱི་ཁྲིམས་དོན་ལམ་ལུགས་དེ་རྒྱལ་སྤྱིའི་ཚད་གཞི་དང་མཐུན་པ་ཞིག་བཟོ་དགོས་པའི་བཀའ་ནན་པོ་གནང་བཞག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎