རྒྱ་གར་གྱི་གསར་ཤོག་གིས་བོད་གནས་དཔྱད་གཏམ་སྤེལ་བ།
2011.10.13
༄༅༎རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱས་པའི་དངོས་ཡོད་དྲང་བདེན་གནས་ཚུལ་སྦས་སྐུང་བྱེད་ཀྱི་ཡོད་པ་དེ་དཀའ་རྙོག་གི་འབྱུང་རྐྱེན་ཡིན་པར་ངོས་ལེན་མ་བྱས་པར། བོད་ཀྱི་གནད་དོན་ཐོག་རྒྱལ་སྤྱིའི་དོ་སྣང་མ་ཐོབ་པའི་ཐབས་ཤེས་བྱེད་བཞིན་ཡོད་སྐོར་རྒྱ་གར་གྱི་དུས་བབ་གསར་ཤོག་གིས་དཔྱད་པ་གནང་བཞག།
བོད་རང་བཙན་སླར་གསོ་དང༌། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཆིབས་བསྒྱུར་གནང་ཐུབ་རྒྱུའི་དོན་དུ་བོད་རིགས་ན་གཞོན་ཁག་ཅིག་གིས་ཉེ་ཆར་གཅིག་མཇུག་གཉིས་མཐུད་སྐུ་ལུས་ཞུཌ་་མེར་སྒྲོན་ནས་རང་སྲོག་བློས་བཏང་གནང་ཡོད་སྐོར་རྒྱ་གར་གྱི་གསར་ཤོག་དེས་འགྲེལ་བརྗོད་གནང་འདུག།
ཡང་གོང་ཞུས་གསར་ཤོག་དེའི་ནང༌། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་གིས་ཁ་ས་བཞུགས་སྒར་རྡ་རམ་ས་ལར་གསར་འགོད་ལྷན་ཚོགས་ཤིག་གནང་ཡོད་པའི་སར། རྒྱལ་སྤྱིའི་ཡུལ་ཁག་ཚོས་ བོད་ནང་གི་ཛ་དྲག་གནས་སྟངས་བཟང་དུ་འགྲོ་རྒྱུར་རྒྱབ་སྐྱོར་རོགས་རམ་ཡོང་བའི་འབོད་སྐུལ་གནང་བ་དང༌སྦྲགས། རྒྱ་ནག་གཞུང་གིས་བོད་ཐོག་དྲག་གནོན་ཚད་མེད་བྱེད་བཞིན་ཡོད་པར་གཞིས་ལུས་བོད་མི་ཚོ་འ་ཆད་འུ་ཐུག་ཀྱིས་རང་ལུས་མེར་བསྲེག་གཏོང་རྒྱུའི་སེམས་ཐག་བཅད་པ་དེ་རང་གིས་རྒྱ་ནག་གིས་བོད་ཐོག་ཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གནང་བ་གསལ་པོ་མཚོན་གྱི་ཡོད་སྐོར་གསུང་ཡོད་པ་རེད། དེ་བཞིན་བཙན་བྱོལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་ཀྱང་བོད་མི་མང་སྤྱི་འཐུས་ཁག་ཅིག་གིས་དེ་རིང་ནས་བཟུང་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་གི་ཕྱི་རྒྱལ་གཞུང་ཚབ་ཁང་ཁག་སོ་སོར་བཅར་ནས་གཞུང་ཚབ་ཆེན་མོ་དང་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་དཀའ་ངལ་ཅན་གྱི་གནས་ལུགས་ཞུ་རྒྱུའི་ལས་འགུལ་དབུ་འཛུགས་དང་འབྲེལ། ཕྱི་ཚེས་༡༩དང་༢༠། ༢༡བཅས་ཉིན་གསུམ་རིང་བཀའ་སྤྱི་ཐུན་མོང་གིས་ལྡི་ལིའི་ནང་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་གནང་རྒྱུ་ཡིན་སྐོར་གསུང་ཡོད་ལུགས། རྒྱ་གར་གྱི་དུས་བབ་ཅེས་པའི་གསར་ཤོག་ནང་གནས་ཚུལ་སྤེལ་འདུག།