རྒྱ་ནག་གིས་བོད་ནང་དྲྭ་ཐོག་གནས་ཚུལ་ལ་དམ་དྲག་དང་། གནས་ཚུལ་ཕྱིར་གྱར་སོང་བ་རྣམས་བཅོས་མ་ཡིན་ཚུལ་བསྒྲགས་ཏེ་གནས་ཚུལ་སྦེད་ཐབས་བྱེད་བཞིན་པ།

2025.04.14
རྒྱ་ནག་གིས་བོད་ནང་དྲྭ་ཐོག་གནས་ཚུལ་ལ་དམ་དྲག་དང་། གནས་ཚུལ་ཕྱིར་གྱར་སོང་བ་རྣམས་བཅོས་མ་ཡིན་ཚུལ་བསྒྲགས་ཏེ་གནས་ཚུལ་སྦེད་ཐབས་བྱེད་བཞིན་པ། མི་ཞིག་གི་རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱ་ཝེ་བོ་ལྟ་བཞིན་པ། ༢༠༡༢།༥།༢༩
Reuters

རྒྱ་ནག་གཞུང་གིས་བོད་ནང་དྲྭ་རྒྱ་དང་ཁ་པར་བརྒྱུད་གནས་ཚུལ་འགྲེམས་སྤེལ་ལ་དམ་དྲག་དང་། དངོས་ཡོད་གནས་ཚུལ་ཕྱིར་གྱར་སོང་བ་རྣམས་གནས་ཚུལ་བཅོས་མ་ཡིན་སྐོར་བརྗོད་དེ་མེད་པ་བཟོ་ཐབས་རྩོམ་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༥ ཟླ་བ་ ༠༤ ཚེས་ ༡༣ ཉིན་བོད་རིགས་སྤྱི་དམངས་བདེ་འཇགས་ཚན་པ་ཞེས་པས་དྲྭ་ཐོག་གནས་ཚུལ་རྫུན་མ་འགྲེམས་སྤེལ་བྱེད་མཁན་ལྔ་འཇུ་བཟུང་བྱས་ཡོད་སྐོར་བསྒྲགས་འདུག་ཅིང་། དེའི་ནང་སྒེར་ཞིག་གིས་ཁྲིམས་འགལ་གཏེར་ཁ་སྔོགས་འདོན་གྱི་ལས་གཞིས་རྐྱེན་པའི་ས་ཞིང་དང་། གཡག་སོགས་སྒོ་ཕྱུག་སེམས་ཅན། གཙང་ཆུ་ལ་དོ་ཕོག་ཤུགས་ཆེན་ཐེབས་ཀྱི་ཡོད་པའི་གནས་ཚུལ་དང་། ཕུག་ལམ་བརྡིབ་སྐྱོན་བྱུང་བའི་གནས་ཚུལ་སོགས་དྲྭ་ཐོག་ནས་མི་བཟོས་རིག་ནུས་བཀོལ་སྤྱོད་ཀྱིས་གནས་ཚུལ་བཅོས་ཏེ་སྤྱི་ཚོགས་དྲ་ལམ་དུ་འདོན་སྤེལ་བྱས་ནས་སྤྱི་ཚོགས་ཀྱི་བདེ་འཇགས་དཀྲུགས་ཡོད་པ་བརྗོད་འདུག་ནའང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གིས་བོད་ནང་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་དུ་དྲྭ་རྒྱར་སྟངས་འཛིན་དམ་དྲག་བྱེད་ཀྱི་ཡོད་པ་བརྗོད་འདུག 

དེ་ཡང་བསྒྲགས་གཏམ་དེའི་ནང་ཉེ་སྔོན་སྤྱི་ཚོགས་ཁྲོད་ཁྲིམས་འགལ་གཏེར་ཁ་སྔོན་འདོན་ལས་གཞི་ལ་བརྟེན་ནས་ས་ཞིང་དང་། གཡག་སོགས་སྒོ་ཕྱུག་སེམས་ཅན། གཙང་ཆུ་ལ་དོ་ཕོག་ཤུགས་ཆེན་ཐེབས་ཀྱི་ཡོད་སྐོར་གྱི་གནས་ཚུལ་ཞིག་དྲྭ་ཐོག་འགྲེམས་སྤེལ་བྱས་རྐྱེན་སྤྱི་ཚོགས་ཁྲོད་གླེང་སློང་ཤུགས་ཆེ་བྱུང་ཡོད་པ་དང་། ཕྱིས་སུ་གནད་དོན་རྟག་དཔྱད་བྱས་རྗེས་གནས་ཚུལ་དེ་ནི་ཆི་ཧང་ཟེར་བ་ཞིག་གིས་དྲྭ་ཐོག་ནས་རང་བྱུང་གོད་ཆག་གི་བརྙན་ཞིག་ཕབ་ལེན་གྱིས་བཅོས་ཏེ། དེའི་སྟེང་གཏེར་ཁ་སྔོན་འདོན་ལ་བརྟེན་ནས་ས་ཞིང་དང་། གཡག་སོགས་སྒོ་ཕྱུག་སེམས་ཅན། གཙང་ཆུ་ལ་དོ་ཕོག་ཤུགས་ཆེན་ཐེབས་ཀྱི་ཡོད་ཅེས་བྲིས་ཏེ་དྲྭ་ཐོག་སྤེལ་བ་ཞིག་ཡིན་ཚུལ་བརྗོད་འདུག་ནའང་། དོན་དངོས་ཐོག་རྒྱ་ནག་གིས་བོད་ནང་གཏེར་ཁ་སྔོན་འདོན་གྱི་ལས་གཞི་རྒྱ་ཆེན་པོ་སྤེལ་བཞིན་ཡོད་ཅིང་། དེ་དག་ལ་བོད་དོན་རྒྱབ་སྐྱོར་བ་དང་ཁོར་ཡུག་ལས་འགུལ་བ་མང་པོས་བློ་འཚབ་བསྟན་ཡོད་པ་རེད། 

དཔེར་ན། ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༡༥ ཉིན། བོད་ནང་གི་ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་ཚོ་ནས་ཡིན་པའི་བོད་མི་ན་གཞོན་མཚོ་སྔོན་ཚེ་རིང་ལགས་ཀྱིས། སྤྱི་ཚོགས་དྲྭ་ལམ་བརྒྱུད་ཡུལ་དེའི་རྡང་ཆུ་གཙང་པོའི་བཞུར་རྒྱུན་དུ། རྒྱ་ནག་གི་ཨན་ཧུའེ་ཤན་ཧེ་འཛུགས་སྐྲུན་ལས་གྲྭའི་ཚོང་གཉེར་ཁང་ཟེར་བ་ཞིག་གིས་བྱེ་ཟེགས་སྔོག་འདོན་ཤུགས་ཆེ་བྱས་ཏེ། ས་གནས་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་གཏོང་གི་ཡོད་སྐོར་གནས་ཚུལ་འགྲེམས་སྤེལ་བྱས་པར་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་ཡོངས་གྲགས་སུ་གྱུར་ཡོད་པ་རེད།

བོད་ནང་དྲ་རྒྱའི་དམ་དྲག་ཐོག་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས། རྒྱ་ནག་གཞུང་གིས་བོད་ནང་ཆབ་སྲིད་ལས་དོན་ལ་དམིགས་ནས་ཁ་པར་ཉར་མཁན་རྣམས་དང་། དྲ་རྒྱའི་སྟེང་བྱ་སྤྱོད་མི་འགྲིག་པའི་ནག་ཉེས་འོག་བོད་མི་མང་དག་འཛིན་བཟུང་བྱས་ཡོད་པ་མ་ཟད། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙོས་བླ་ཆེན་ཁག་སྐོར་གླེང་བ་དང་། བོད་དོན་ལ་དགའ་ཞེན་གྱི་རྣམ་འགྱུར་སྟོན་པ། དེ་བཞིན་བོད་ཕྱི་ལ་ཡོད་པའི་ནང་མི་སྤུན་མཆེད་དང་བོད་མི་རྣམས་ལ་འབྲེལ་བ་བྱས་པ་སོགས་ནག་ཉེས་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ། ནག་ཉེས་ཀྱི་སྒྲིག་གཞི་གསལ་པོ་དང་བརྟན་པོ་ཞིག་མེད་པས། ཐ་ན་བོད་མི་ཞིག་གིས། དགུང་ལོ་ ༨༠ སོན་པའི་དགེ་འདུན་པ་ཚོའི་འཁྲུངས་སྐར་སྲུང་བརྩི་ཞུ་ཆེད་སྤྱི་ཚོགས་དྲ་རྒྱ་ (WeChat) ཐོག་ཚོགས་པ་ཞིག་བཙུགས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་ལ། ཉེན་རྟོག་པས་དེར་གཞུང་གི་ཆོག་མཆན་དགོས་ཡོད་པ་བཤད་ཡོད་པ་ཡང་བཀོད་འདུག 

རྒྱ་ནག་གཞུང་གིས་དྲྭ་རྒྱར་དམ་དྲག་ཤུགས་ཆེ་བྱས་ཏེ་སྤྱི་ཚོགས་བྱེད་ཀྱི་སྐོར་དང་འབྲེལ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ (Human Rights Watch) རྒྱ་ནག་སྡེ་ཚན་གྱི་ལས་འཕར་འགན་འཛིན་མཱ་ཡ་ཝང་ (Maya Wang) ལགས་ཀྱིས། བོད་ནང་ཡོད་པའི་བོད་མི་ཞིག་ལ། དྲ་རྒྱའི་ཐོག་བརྙན་ཐུང་ཕན་ཚུན་བསྐུར་རྒྱུ་དང་ཕྱི་ལ་ཡོད་པའི་ནང་མི་དང་སྤུན་ཆེད་རྣམས་ལ་འབྲེལ་བ་བྱེད་རྒྱུ་སོགས་ང་ཚོའི་ཉིན་རེའི་བྱེད་སྒོ་དཀྱུས་མ་རྣམ་བྱས་པར་བཙོན་ལ་བཅུག་བའི་ཉེན་ཁ་ཡོད། དེ་སྔ་ཡིན་ན་བོད་ཀྱི་ལུང་ཁུག་ཅིག་ནང་བོད་མི་རྣམས་ལ་ལག་ཐོགས་ཁ་པར་རག་ན་གཉེན་སྤུན་ཆེད་རྣམས་ལ་འབྲེལ་བ་བྱེད་ཐུབ་ཀྱི་རེད་བསམ་ནས་སྤྲོ་སྣང་བྱེད་ཀྱང་། དེ་ཕྱིས་སུ་རྒྱ་གཞུང་གི་ལྟ་སྲུང་བྱེད་སའི་འཕྲུལ་ཆས་ཤིག་ཏུ་འགྱུར་ཡོད་ཅེས་འགྲེལ་བརྗོད་གནང་འདུག

གཞི་རྩའི་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བརྟན་ལྷིང་ལ་བསྙད་དེ་བོད་ཐེ་བའི་རྒྱ་ནག་ཡོངས་སུ་དྲྭ་རྒྱར་དམ་དྲག་དང་ལྟ་སྲུང་ནན་མོ་བྱེད་ཀྱི་ཡོད་པ་དང་། གལ་ཏེ་དྲྭ་རྒྱའི་སྟེང་རྒྱ་ནག་གཞུང་གི་ལྟ་བ་ལངས་ཕྱོགས་དང་མི་མཐུན་པའི་གནས་ཚུལ་འགྲེམས་སྤེལ་བྱས་ན། འཕྲལ་དུ་འཛིན་བཟུང་བཙོན་འཇུག་བྱེད་ཀྱི་ཡོད་པ་དང་། ལྷག་པར་བོད་མི་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཐེ་བའི་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པའི་གནས་ཚུལ་རིགས་གླེང་སློང་བྱས་ཚེ་འཛིན་བཟུང་གིས་ལོ་མང་རིང་བཙོན་འཇུག་བྱེད་ཀྱི་ཡོད་པ་རེད། །

གསར་འགོད་པ། བསྟན་འཛིན་བསྟན་སྐྱོང་། བསྟན་འཛིན་ནོར་འཛོམས། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎