རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་སུ་ཞི་གནས་ཀྱི་གྲོས་མཐུན།
རྒྱ་དཀར་ནག་གཉིས་དབར་ས་མཚམས་ས་ཁུལ་གྱི་དམག་མི་ཕྱིར་འཐེན་བྱས་ཏེ་ཞི་བདེའི་ངང་གནས་རྒྱུར་གྲོས་མཐུན་བྱུང་ཡོད་པ་རེད།
-
2020-09-11 -
-
-
དེ་རིང་རོཡ་ཊརས་(Reuters) གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་དང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཡ་ཤང་ཀར་(S. Jaishankar) རྣམ་གཉིས་ཁ་ས་རེས་གཟའ་ཕུར་བུའི་ཉིན་ཨུ་རུ་སུའི་རྒྱལ་ས་མོས་ཀོ་(Moscow)ནང་ཐུགས་འཕྲད་གནང་སྟེ། ད་ལྟ་འགྲོ་བཞིན་པའི་རྒྱ་དཀར་ནག་གཉིས་དབར་ས་མཚམས་ས་ཁུལ་གྱི་དཀའ་རྙོག་སེལ་ཐབས་དང་། ཧི་མ་ལ་ཡའི་བྱང་ངོས་ས་མཚམས་ས་ཁུལ་དུ་ཡོད་པའི་ཕྱོགས་གཉིས་ཀའི་དམག་མི་མགྱོགས་མྱུར་ཕྱིར་འཐེན་བྱ་དགོས་པ་སོགས་དོན་ཚན་གཙོ་བོ་ལྔ་ཅན་གྱི་ཐོག་བཀའ་གྲོས་གནང་ཡོད་པར་ཕྱོགས་གཉིས་མཉམ་སྦྲེལ་གྱི་ཐོག་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་འདུག དེ་ནི་ཨུ་རུ་སུའི་རྒྱལ་ས་མོས་ཀོ་(Moscow) ནང་སྐོང་འཚོགས་བྱེད་བཞིན་པའི་ཧྲང་ཧའེ་མཉམ་སྦྲེལ་མཐུན་ཚོགས་ཀྱི་ཞོར་དུ་ཕྱོགས་གཉིས་དབར་བཀའ་གྲོས་བྱུང་བ་ཞིག་ཡིན་པ་རེད།
གོང་ཞུས་དཔོན་རིགས་གཉིས་དབར་ཐུགས་འཕྲད་སྐབས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཡིས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཡ་ཤང་ཀར་(S.Jaishankar) ལ་ས་མཚམས་ས་ཁུལ་དུ་མེ་འཕེན་ལ་སོགས་པའི་ཉེན་ཚབས་ཅན་གྱི་ཁྲིམས་འགལ་སོགས་ཕྱོགས་གཉིས་དབར་ཁོང་ཁྲོ་སློང་བའི་བྱ་སྤྱོད་ཁག་མགྱོགས་མྱུར་མཚམས་འཇོག་བྱེད་དགོས་པ་ཕྱོགས་གཉིས་ཀའི་ཐོག་ནས་དམ་བཅའ་འཇོག་དགོས་ཀྱི་ཡོད་པ་རེད་ཅེས་བརྗོད་ཡོད་ལུགས་བརྗོད་ཡོད་པ་དང་། ཡང་ཝང་ཡི་ནས་གཞན་ལ་སྟབས་བསྟུན་མ་བྱས་པར་ས་མཚམས་ས་ཁུལ་དུ་ཡོད་པའི་ཆེད་ལས་མི་སྣ་དང་། ཡོ་ཆས་རྣམས་ངེས་པར་དུ་སྤོས་དགོས་པ་མ་ཟད། ས་མཚམས་ས་ཁུལ་དུ་ཡོད་པའི་མདུན་བསྐྱོད་དམག་མི་ཡང་ཕྱོགས་གཉིས་ཀའི་ཐོག་ནས་མགྱོགས་མྱུར་ཕྱིར་འཐེན་བྱེད་དགོས་ཀྱི་ཡོད་པ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལ་བརྗོད་ཡོད་ལུགས་རྒྱ་ནག་ཕྱི་སྲིད་ལས་ཁང་གིས་དེ་རིང་རེས་གཟའ་པ་སངས་ཉིན་གསལ་སྟོན་གནང་འདུག ཉེ་བའི་ཆར་རྒྱ་དཀར་ནག་གཉིས་དབར་ས་མཚམས་ས་ཁུལ་དུ་དཀའ་རྙོག་ཆེན་པོ་བྱུང་བཞིན་ཡོད་པའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ནས་བློ་འཚབས་ཆེན་པོ་གནང་བཞིན་ཡོད་པ་རེད།།