རྒྱ་ནག་གཞུང་གིས་ཚོགས་ཆེན་གཉིས་ཀྱི་རྗེས་བོད་ནང་དུ་ཁ་བྲལ་བར་ངོ་རྒོལ་དགོས་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
རྒྱ་ནག་གཞུང་གིས་ཟླ་ ༣ དེ་བཞིན་བོད་ནང་ཚོར་བ་སྐྱེན་པའི་དུས་ཚིགས་དང་། ཟླ་གསུམ་པ་ནི་བརྟན་བརླིང་སྲུང་སྐྱོབ་ཅེས་དམ་དྲག་ཤུགས་ཆེར་བྱེད་འགོ་ཚུགས་ཡོད་པ་ལྟར། ད་ལྟའི་ཆར་ཚོགས་ཆེན་གཉིས་ཀྱི་བརྗོད་དོན་ལ་སློབ་སྦྱོང་དགོས་སྐོར་བརྗོད་ནས། བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ་ཁ་བྲལ་བར་ངོ་རྒོལ་དགོས་སྐོར་དང་འབྲེལ་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད། རྒྱལ་ས་ལྷ་སའི་གཙུག་ལག་ཁང་གཙོས་ཆོས་ལུགས་ལྟེ་གནས་ཁག་ཏུ་ཟླ་གསུམ་པའི་ནང་ཆོས་ལུགས་ཀྱི་འདུ་འཛོམས་དང་བྱེད་སྒོ་རིགས་མི་ཆོག་པའི་ཚོད་འཛིན་དང་། ལྷ་ས་གྲོང་ཁྱེར་གྱི་ས་གནས་གང་ས་དྲག་ཆས་དམག་གི་སྐོར་སྲུང་འོག་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག
གོང་ཞུས་བོད་ནང་གི་འབྲེལ་ཡོད་བོད་མི་དེས་མུ་མཐུད་བརྗོད་དོན་ལ། རྒྱ་ནག་གཞུང་གིས་བོད་ནང་དགོན་སྡེ་ཁག་གཙོས་པའི་སློབ་གྲྭ་དང་། གྲོང་སྡེ། ཡུལ་ཚོ་བྱས་ཏེ་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་། བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོས་ཚོགས་ཆེན་སྐབས་བཤད་པའི་གཏམ་བཤད་ལ་སློབ་སྦྱོང་དྲིལ་བསྒྲགས་དང་འབྲེལ། མི་མང་ངོས་ནས་ཁ་བྲལ་བར་འཐབ་རྩོད་བྱེད་ཤུགས་ཆེ་རུ་གཏོང་དགོས་སྐོར་བརྗོད་ནས་ཚོགས་འདུ་ཆེ་ཆུང་འདྲ་མིན་ཚོགས་བཞིན་ཡོད་པ་དང་། ཟླ་གསུམ་པའི་ནང་ལྷ་ས་གྲོང་ཁྱེར་དུ་ཡོད་པའི་སློབ་ཆེན་ཁག་གིས་གུང་གསེང་གཏོང་མི་ཆོག་པ་དང་། སློབ་གྲྭའི་ཕྱི་ལ་འགྲོ་སྐྱོད་མི་ཆོག་པ་སོགས་ཀྱི་དམ་དྲག་དང་། ཟླ་གསུམ་པའི་ནང་སློབ་གྲྭ་ཁག་སློབ་འགོ་ཚུགས་སྐབས་བརྟན་བརླིང་བདེ་འཇགས་དགོས་སྐོར་བརྗོད་ནས། སློབ་གྲྭ་ཚང་མའི་ནང་ཉེན་རྟོག་པ་དང་དྲག་ཆས་དམག་གིས་སྐོར་སྲུང་གིས། ཕ་མ་དང་འབྲེལ་ཡོད་དག་གིས་བུ་ཕྲུག་སློབ་གྲྭའི་རྒྱལ་སྒོར་སྐྱེལ་བ་ཙམ་ལས་ནང་དུ་འགྲོ་སྐྱོད་མི་ཆོག་པ་སོགས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ཟླ་ ༣ ཚེས་ ༡༤ ཉིན་ཏེ་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་བྱུང་བའི་ཉིན་མོ་དང་བསྟུན། བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་ཁྲིད་ཀརྨ་ཚེ་བརྟན་ཟེར་བས། ལྷ་ས་གྲོང་ཁྱེར་དུ་ཡོད་པའི་སེ་ར་དགོན་གཙོས་ཉེ་འཁོར་དགོན་སྡེ་ཁག་ལ་རྟོག་ཞིབ་དང་འབྲེལ། དགོན་སྡེ་ཁག་གིས་སྣེ་ཁྲིད་དེ་བོད་མི་ཚོར་བསམ་བློ་ཆབ་སྲིད་ལ་ཤུགས་སྣོན་དང་། ཏང་དང་སྲིད་གཞུང་གི་སྲིད་ཇུས་ལ་ཤུགས་སྣོན། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱིས་མང་ཚོགས་ཀྱི་བསམ་བློའི་རྨང་གཞི་རྒྱུན་མཐུད་སྲ་བརྟན་དུ་གཏོང་དགོས་པ་སོགས་བརྗོད་འདུག་ན་ཡང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་བཀྲ་ཤིས་ལགས་ཀྱིས། རྒྱ་ནག་གཞུང་གིས་དེ་སྔ་ནས་ཁ་བྲལ་ལ་ངོ་རྒོལ་ཞེས་ཤུགས་ཆེར་བརྗོད་བཞིན་ཡོད་ཀྱང་ལས་དོན་དེར་གྲུབ་འབྲས་གང་ཡང་བྱུང་གི་མེད་པ་རེད་ལ། མུ་མཐུད་ཁ་བྲལ་བ་ཞེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་སྐྱོན་བརྗོད་བྱས་པ་ཡིན་ན། གྲུབ་འབྲས་ཡོང་བ་ལས་ཀྱང་ལྡོག་ཕྱོགས་ཀྱི་འབྲས་བུ་སྨིན་གཞིར་གྱུར་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག
ལོ་ལྟར་ཟླ་ ༣ ནང་རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། ལྷག་པར་འདི་ལོ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་གཉིས་ཀྱི་སྟེང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་མགོ་གཙོ་ཀརྨ་ཚེ་བརྟན་གྱིས་བོད་ནང་བརྟན་བརླིང་ཆེད་ནུས་ཤུགས་འདོན་དགོས་པ་བརྗོད་པས། བོད་ནང་དུ་བརྟན་བརླིང་ལ་འབད་བརྩོན་དགོས་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་འདུག་ལ། ཟླ་ ༣ ཚེས་ ༡༢ ཉིན་བོད་ལྗོངས་ཉིན་རེའི་གསར་ཁང་ཟེར་བས་རྒྱལ་ཁབ་ཀྱི་བདེ་འཇགས་གོང་མཐོར་བཏང་སྟེ་བདེ་འཇགས་ཀྱི་བོད་ལྗོངས་སྐྲུན་དགོས་ཞེས་པའི་རྩོམ་ཡིག་ཅིག་སྤེལ་བའི་ནང་། བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་དང་ལས་རིགས་ཁག་ཡོངས་ཀྱིས། བོད་ནང་བརྟན་བརླིང་ལ་འབད་བརྩོན་དགོས་རྒྱུ་དེ་ལས་དོན་ཀུན་གྱི་དང་པོར་འཇོག་དགོས་པ་དང་། བརྟན་བརླིང་དང་ཡར་རྒྱས་གཉིས་དུས་གཅིག་ལ་ཡོད་པ་བྱས་ཏེ་སྤུས་ཚད་མཐོ་བའི་བདེ་འཇགས་དང་ཡར་རྒྱས་གཏོང་དགོས་པ་སོགས་བཀོད་འདུག
གསར་འགོད་པ། ཚེ་རིང་རྣམ་རྒྱལ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།