ཡུ་གུར་ཁ་ཆེ་ཚོགས་པས་འབར་རྫས་གཏོར་རྒོལ་བཏང་ཡོད་སྐོར།

རྒྱ་ནག་ནང་འབར་རྫས་ཀྱི་གཏོར་རྒོལ་བཏང་མཁན་ནི་ཡུ་གུར་ཁ་ཆེའི་ཚོཌ་པ་ཡིན་པ་ངོས་ལེན་བྱས་ཀྱང་རྒྱ་ནག་གིས་ཁས་ལེན་བྱེད་མི་འདུག

༄༅༎ཉེ་ཆར་རྒྱ་ནག་གི་ས་ཁུལ་ཁག་གཉིས་ནང་གི་འགྲུལ་སྐྱེལ་མོ་ཊ་ཐོག་འབར་རྫས་ཀྱི་གཏོར་རྒོལ་གཏོང་མཁན་ནི་ཏུར་ཀིསི་ཐན་ཁ་ཆེའི་ཚོགས་པ་ཡིན་ཞེས་ངོས་ལེན་བྱས་ཡོད་ཀྱང་ རྒྱ་ནག་གི་དཔོན་རིགས་ཚོས་ཚོགས་པ་དེ་ཡིན་པ་ངོས་ལེན་བྱེད་ཀྱི་མེད་པ་རེད།

ཏུར་ཀིསི་ཐན་ཁ་ཆེའི་ཚོགས་པ་ཞེས་པ་དེ་ཡིས་ཉེ་ཆར་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧད་དང་དེ་བཞིན་རྒྱ་ནག་གི་ལྷོ་ནུབ་ཡུ་ནན་ཞིང་ཆེན་གྱི་རྒྱལ་ས་ཀུན་མིང་ནང་གི་འགྲུལ་སྐྱེལ་མོ་ཊར་གཏོར་རྒོལ་གཏོང་མཁན་ནི་ཚོགས་པ་དེ་ཡིན་པ་དང་རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་ཐོག་འཇིགས་སྐུལ་ཉེན་བརྡའི་བརྙན་འཕྲིན་ཞིག་འགྲེམས་སྤེལ་བྱས་ཡོད་ཅིང༌། གྲོང་ཁྱེར་ཧྲང་ཧད་ནང་ཕྱི་ཟླ་ལྔ་པའི་ཚེས་༥ ཉིན་འབར་རྫས་ཀྱི་གཏོར་རྒོལ་བཏང་བའི་ནང་མི་གསུམ་རྐྱེན་ལམ་དུ་ཕྱིན་པ་དང་མི་༡༢ རྨས་སྐྱོན་ཕོག་ཡོད་ཀྱང་ཧྲང་ཧད་སྤྱི་དམངས་བདེ་འཇགས་ལས་ཁང་གི་འགོ་འཛིན་གཞོན་པ་ ཁྲེན་ཅིའུ་ལོང་ གིས་དོན་རྐྱེན་དེ་ནི་རྡོ་སྣུམ་གྱི་མེ་འབར་ནས་བྱུང་བ་ཡིན་པ་ལས་འཇིགས་སྐུལ་དྲག་སྤྱོད་པའི་རྒོལ་རྡུང་གང་ཡང་གཏོང་ཐུབ་མེད་པའི་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་པ་ཤིང་ཧྭ་གསར་ཤོག་གིས་ལུང་འདྲེན་བྱས་ཡོད་པ་རེད། ཡིན་ནའང་ཏུར་ཀིསི་ཐན་ཁ་ཆེའི་ཚོགས་པ་ཞེས་པས་བརྙན་འཕྲིན་ཞིག་འགྲེམས་སྤེལ་བྱས་པ་དེའི་ནང་ཚོགས་པ་དེའི་འགོ་ཁྲིད་དམག་སྤྱི་ སེ་ཕུའུ་ལ་ ཡིས་ཁོང་གི་ཚོགས་པས་ཕྱི་ཟླ་ལྔ་པའི་ཚེས་༥ ཉིན་གྲོང་ཁྱེར་ཧྲང་ཧད་དང་ཕྱི་ཟླ་བདུན་པའི་ཚེས་༡༧ ཉིན་ལྦེན་ཀྲུའུ་ནང་དུ་འབར་རྫས་ཀྱི་གཏོར་རྒོལ་བཏང་བ་དང་ད་དུང་ཕྱི་ཟླ་བརྒྱད་པའི་ནང་པེ་ཅིང་ཨོ་ལིམ་པིག་སྐབས་གཏོར་རྒོལ་གཏོང་རྒྱུའི་འཇིགས་སྐུལ་བྱས་ཡོད་པ་རེད། གང་ལྟར་རྒྱ་ནག་གཞུང་ཕྱོགས་ནས་པེ་ཅིང་དུ་རྒྱལ་སྤྱིའི་སྐད་གྲགས་ཆེ་བའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་པར་དུས་ཚོད་ཉེ་བར་བཅར་བའི་སྐབས་དེར་འབར་རྫས་ཀྱི་གཏོར་རྒོལ་གྱི་བྱ་སྤྱོད་དེ་ནི་ཏུར་ཀིསི་ཐན་ཁ་ཆེ་ཚོགས་པས་གཏོར་རྒོལ་བཏང་བའི་བྱ་སྤྱོད་ཅིག་ཡིན་པ་ངོས་ལེན་བྱེད་ཀྱི་མེད་ཀྱང་དྲག་སྤྱོད་ཚོགས་པ་དེའི་ཐོག་ནས་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཐེངས་༢༩ པ་དེ་རྒྱ་ནག་ཏུ་ཚོགས་རྒྱུ་མཚམས་འཇོག་བྱ་དགོས་ཞེས་རྒྱལ་སྤྱིའི་དང་ལྷག་པར་དུ་རྒྱ་ནག་ལ་ཡང་སེ་འཇིགས་སྐུལ་གྱི་ཉེན་བརྡ་གཏོང་གི་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org