བོད་མིའི་ཁ་པར་དེབ་བསྐྱེལ་ལས་འཆར།
2013.06.19
༄༅༎རྒྱ་ནག་གཞུང་གིས་བོད་མི་ཚོས་དཀྲོག་གཏམ་ཁྱབ་སྤེལ་གཏོང་གི་ཡོད་པའི་སྐྱོན་འཛུགས་འོག་ཁ་པར་དང་དྲ་རྒྱའི་ཐོག་དམ་དྲག་བྱ་རྒྱུའི་དོན་དུ།བོད་ནང་མི་སྒེར་པའི་ཁ་པར་དང་དྲ་རྒྱ་བེད་སྤྱོད་གཏོང་མཁན་ཡོངས་རྫོགས་སོ་སོའི་མིང་ངོ་མའི་འོག་མིང་ཐོ་དེབ་བསྐྱེལ་བྱ་རྒྱུའི་ལས་འཆར་ཞིག་བར་ལམ་འགོ་འཛུགས་བྱས་ཡོད་པ་དེ་དག་མཇུག་སྒྲིལ་ཟིན་པའི་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་དེ་རིང་གནས་ཚུལ་སྤེལ་འདུག གཞིས་ལུས་བོད་མི་ཚོས་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་རྒྱ་ནག་གི་གདུག་རྩུབ་ཆེ་བའི་དབང་སྒྱུར་ལ་ངོ་རྒོལ་བསྟུད་མར་གནང་བཞིན་པའི་ཐོག རྒྱ་གཞུང་གིས་རྟོག་ཞིབ་དང་དམ་བསྒྲགས་ནན་པོ་བྱེད་བཞིན་ཡོད་པ་རེད།ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང༌།༢༠༡༢ལོའི་ལོ་མཇུག་བར་བོད་ནང་སྐུད་ཡོད་དང་ལག་འཁྱེར་ཁ་པར་ས་ཡ་༢ དང་འབུམ་༧ཁྲི་༥། དེ་བཞིན་དྲ་རྒྱ་བེད་སྤྱོད་གཏོང་མཁན་ས་ཡ་༡དང་འབུམ་༤ཁྲི་༧ཚང་མ། དོ་དག་ངོ་མའི་མིང་ཐོག་དེབ་བསྐྱེལ་ཟིན་པའི་སྐོར་བརྗོད་འདུག གོང་ཞུས་ལས་འཆར་དེ་ནི་སྤྱི་ཚོགས་ལ་གནོད་སྐྱོན་འགྲོ་གཞིའི་གནས་ཚུལ་ཁྱབ་བསྒྲགས་ཐོག་འགོག་སྡོམ་བྱ་རྒྱུ་དང་མི་སྒེར་པའི་གནས་ཚུལ་སྲུང་སྐྱོབ་བྱ་རྒྱུའི་དོན་དུ་ཕན་ཐོག་ཡོད་སྐོར་རྒྱ་གཞུང་གི་དཔོན་རིགས་ཉི་མ་རྡོ་རྗེས་འགྲེལ་བརྗོད་བྱས་པ་ཤིན་ཧྭ་གསར་ལས་ཁང་གིས་ལུང་འདྲེན་བྱས་འདུག།