ཤར་ཏུར་ཀི་སི་ཐན་མི་མང་གིས་ངོ་རྒོལ་ལས་འགུལ་སྐོར།
རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་མི་མང་གི་ངོ་རྒོལ་གྱི་ལས་འགུལ་སྐུལ་སློང་བྱེད་མཁན་ཡུ་གུར་བ་ར་བི་ཡ་ཁ་རྡིར་ཡིན་སྐོར་སྐྱོན་བརྗོད།
-
2009-07-06 -
-
-
༄༅༎རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་མི་མང་གི་ངོ་རྒོལ་གྱི་ལས་འགུལ་སྐུལ་སློང་བྱེད་མཁན་ཕྱིར་སྡོད་ཡུ་གུར་ཁ་བྲལ་རིང་ལུགས་པའི་འགོ་ཁྲིད་ར་བི་ཡ་ཁ་རྡིར་ཡིན་སྐོར་སྐྱོན་བརྗོད་བྱས་འདུག
སྔོན་འགྲོའི་ཞིབ་འཇུག་སྐབས་ཐེངས་འདིའི་དྲག་པོའི་གྱེན་ལོག་པའི་ལས་འགུལ་འདིའི་བྱེད་གཏེ་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་ཁ་བྲལ་རིང་ལུགས་པ་ར་བི་ཡ་ཁ་རྡིར་དང་ཁོ་པས་སྣེ་ཁྲིད་པའི་ཡུ་གུར་འཛམ་གླིང་ལྷན་ཚོགས་ཞེས་པའི་སྒྲིག་འཛུགས་དེ་ཡིན་ལུགས་གཞུང་འབྲེལ་ཤིང་ཧཱ་གསར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་འདུག
འོན་ཀྱང་ཕྱིར་སྡོད་ཡུ་གུར་མི་རིགས་ཚོས་ས་གནས་ཀྱི་ཡུལ་མི་ཚོས་རྒྱ་ནག་གི་དྲག་གནོན་མ་བཟོད་པར་ངོ་རྒོལ་བྱས་པ་དེར་དྲག་གནོན་ཆེད་མེ་མདའ་སོགས་གོ་མཚོན་ལག་ཆ་གང་བྱུང་བེད་སྤྱོད་གྱིས་ཞི་བའི་ཡུལ་མི་གསུམ་བརྒྱ་ལྷག་རྐྱེན་ལམ་དུ་བཏང་ཡོད་པ་དང་དེ་མིན་བཞི་བརྒྱ་ཙམ་རྨས་ཡོད་ལུགས་སྐྱོན་བརྗོད་བྱས་འདུག ཡུ་གུར་ཨ་རིའི་མཐུན་ཚོགས་ཀྱི་དྲུང་ཆེ་ཨ་ལིམ་སེ་ཏོཔ་ཡིས་ཟླ་བ་སྔོན་མ་ལྷོ་ཕྱོགས་རྒྱ་ནག་གི་བཟོ་གྲྭ་ཞིག་ནང་རྒྱ་མི་དང་ཡུ་གུར་མི་རིགས་དབར་འཁྲུག་རྩོད་ཤོར་སྐབས་ཡུ་གུར་བ་གཉིས་རྐྱེན་ལམ་དུ་གཏོང་མཁན་བྱེད་གཏེ་བ་འཛིན་བཟུང་དགོས་ལུགས་ཡུ་གུར་གྱི་ན་གཞོན་ཚོས་སྐད་འབོད་བྱས་ཡོད་ལུགས་འགྲེལ་བརྗོད་བྱས་འདུག ལྷན་ཚོགས་ཀྱི་དབུ་ཁྲིད་ར་བི་ཡ་ཁ་རྡིར་གྱིས་རྒྱ་ནག་ལྷོ་ཕྱོགས་ཀྱི་བཟོ་གྲྭའི་ནང་ཡུ་གུར་ལས་མི་གཉིས་རྐྱེན་ལམ་དུ་གཏོང་མཁན་ཁྲིམས་ཐོག་བསྐྱེལ་ཡོད་ན་ཞི་རྒོལ་འདི་རིགས་ཡོང་དོན་མེད་པ་རེད། དེ་མིན་ཕྱིན་ཆད་ལ་ཤར་ཏུར་ཀི་སི་ཐན་གྱི་ཡུལ་མི་ཚོས་ཞི་རྒོལ་བྱེད་རྒྱུའི་ཐོབ་ཐང་ཡོད་དགོས་ལུགས་ཡིག་ཐོག་གསལ་བསྒྲགས་གནང་འདུག ཤར་ཏུར་ཀི་སི་ཐན་གྱི་ཡུལ་མི་ས་ཡ་བརྒྱད་ཙམ་ཡོད་པ་དེ་དག་བོད་ཀྱི་གནས་ཚུལ་ནང་བཞིན་རྒྱ་རིགས་ཧ་ཅང་འབོར་ཆེ་གཞིས་སྤོས་བྱས་ནས་ས་གནས་ཀྱི་ཡུལ་མི་ཚོ་རང་ཡུལ་དུ་གྲངས་ཉུང་མི་རིགས་ཆགས་ཡོད་པ་མ་ཟད་རྒྱ་ནག་གཞུང་གིས་སྔ་ལོ་བོད་ནང་གི་ཞི་རྒོལ་ལ་དྲག་གནོན་བས་པ་ནང་བཞིན་ཡུ་གུར་མི་རིགས་ལའང་དེ་མཚུངས་གདུག་རྩུབ་དྲག་གནོན་ཁོ་ན་བྱེད་ཀྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག།