༄༅༎རྒྱ་ནག་དང་བལ་ཡུལ་གྱི་མཐའ་མཚམས་ཉེན་རྟོག་དམག་མི་ས་མཚམས་སུ་བོད་མི་བྲོས་བྱོལ་དུ་ཡོང་མཁན་དེ་དག་བཀག་འགོག་གི་ལས་དོན་ཐོག་གསང་བའི་ཚོགས་འདུ་ཚོགས་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག
དེ་ཡང་ང་ཚོའི་བལ་ཡུལ་གསར་འགོད་པ་ཀླུ་འབུམ་བཀྲིས་ལགས་ཀྱིས་གནས་ཚུལ་བཏང་བར་ལྟར་ན། ཉེ་སྔོན་ཕྱི་ཟླ་ལྔ་པའི་ནང་བོད་དང་བལ་ཡུལ་གྱི་ས་མཚམས་སུ། རྒྱ་ནག་གི་མཐའ་སྲུང་དམག་མི་དང་ཉེན་རྟོག་དམག་མིའི་འགོ་ཁྲིད་ཁག་དང་བལ་ཡུལ་ཉེན་རྟོག་དམག་མི་ཁག་གཅིག་བལ་ཡུལ་ཕྱོགས་ཀྱི་ས་མཚམས་ཤར་ཕྱོགས་ལམ་བུ་སྦ་གར་དུ་ཡོང་ནས། ཉིན་གཉིས་ཙམ་རིང་བོད་མི་བྲོས་བྱོལ་དུ་ཡོང་མཁན་དེ་དག་གི་ཐོག་དམ་བསྒྲགས་བྱ་ཕྱོགས་ཐད་གསང་བའི་གྲོས་མོལ་བྱས་འདུག
གསང་བའི་ཚོགས་འདུ་དེའི་ནང་དུ་རྒྱ་ནག་གི་དཔོན་རིགས་བརྒྱད་ཙམ་ཡོད་པའི་ནང་། བོད་ཀྱི་ནུབ་བརྒྱུད་མཐའ་སྲུང་དམག་མི་འགོ་གཙོ་དང་། ལྷ་ས་སྤྱི་བདེ་ལས་ཁང་གི་གནད་ཡོད་དཔོན་རིགས་དང་། དེ་བཞིན་བོད་ཀྱི་ནུབ་བརྒྱུད་ཀྱི་རང་སྐྱོང་ས་ཁུལ་གྱི་ཉེན་རྟོག་ལས་ཁང་གི་འགོ་ཁྲིད་སོགས་དཔོན་རིགས་བརྒྱད་ཙམ་ཡོད་པ་རེད། བལ་ཡུལ་གྱི་ཕྱོགས་ནས་མཐའ་སྲུང་དམག་མི་དང་། ཉེན་རྟོག་དམག་མིའི་འགོ་ཁྲིད་མཉམ་ཞུགས་བྱས་ཡོད་འདུག ཚོགས་འདུའི་ནང་ས་མཚམས་ཁུལ་དུ་དམ་དྲག་ཇེ་ཆེར་གཏོང་དགོས་པ་དང་བོད་མི་བྲོས་བྱོལ་དུ་ཡོང་མཁན་དེ་དག་བཀག་ནས་རྒྱ་ནག་ཏུ་རྩིས་སྤྲོད་བྱེད་དགོས་པ་དང་། རྒྱ་ནག་གི་ས་མཚམས་དམ་བསྒྲགས་ཀྱི་ལས་དོན་ཐོག་བལ་ཡུལ་གྱིས་མཉམ་རུབ་བྱེད་དགོས་པ་དང་། ལས་དོན་གྱི་ཆེད་དུ་རྒྱ་ནག་གིས་བལ་ཡུལ་ལ་རོགས་དངུལ་སྤྲོད་རྒྱུའི་ཁས་ལེན་ཡང་བྱས་ཡོད་པ་བཅས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་འདུག།