ཁེ་ན་ཌའི་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་སུ་དབྱིན་ཇིའི་རྒྱལ་པོ་ཅཱརལསི་ (Charles III) གསུམ་པའི་ཁྲི་འདོན་གྱི་རྟགས་མ་དང་ཕྱག་འཁྱེར་གནང་ཡོད་པ།
ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༢༨ ཉིན་ཁེ་ན་ཌའི་ཨོན་ཊེ་རི་ཡོ་མངའ་ཁོངས་ Parkdale དང་ Highpark གི་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་དང་ཚོགས་གཞོན་དཀར་པོ་ཆེ་བུ་འཁྲིད་ལགས་ཀྱི་མཚན་ཐོག་ནས་དབྱུན་ཇིའི་རྒྱལ་པོ་ ཅཱརལསི་ (Charles III) གསུམ་པའི་ཁྲི་འདོན་གྱི་རྟགས་མ་ལྔ་ལས་རིགས་འདྲ་མིན་གྱི་ཐོག་སྤྱི་ཚོགས་ནང་ཤུགས་རྐྱེན་ལྡན་པའི་མི་སྣར་གནང་རྒྱུའི་མཛད་སྒོ་ཞིག་དཀར་པོ་ཆེ་བུ་འཁྲིད་ལགས་ཀྱི་ལས་ཁུངས་ནང་དུ་འཚོགས་པ་བཞིན། རྟགས་མ་དང་ཕྱག་འཁྱེར་བཞེས་མཁན་གཅིག་ཉེ་ལམ་རྒྱ་ནག་གིས་ཉེས་ཆད་བཀལ་སའི་ཁོངས་ནས་ཁེ་ན་ཌ་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ལགས་སུ་ཕུལ་ཡོད་པ་རེད། དེ་ནི་ཁོང་གིས་ཁེ་ན་ཌའི་ནང་དུ་བོད་རྒྱ་གཉིས་ཀྱི་དཀའ་རྙོག་དང་འབྲེལ་བའི་ཐོག་ལ་ནུས་པ་ཐོན་པའི་ཕྱག་ལས་གནང་ཐུབ་པར་ངོས་འཛིན་དང་། རྒྱ་ནག་གཞུང་གིས་ཉེས་ཆད་བཏང་མཁན་བོད་མི་ཁེ་ན་ཌའི་མི་སེར་ཡིན་པ་ཁེ་ན་ཌ་བོད་དོན་ལྷན་ཚོགས་ཀྱི་འགན་འཁུར་བ་དང་ཚོགས་མི་རྣམས་ཀྱི་ལས་དོན་ཁག་ལ་ཆེ་བསྟོད་ཞུ་བའི་ཆེད་གཟེངས་རྟགས་འདི་གནང་བ་ཞིག་ཡིན་འདུག
ཁེ་ན་ཌ་བོད་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་སྒྲིག་འཛུགས་དེའི་ནང་འགན་འཁུར་བཞེས་ཏེ་བོད་རྒྱ་གཉིས་ཀྱི་དཀའ་རྙོག་དང་འབྲེལ་བའི་ཐོག་ལ་གཞུ་གཏུགས་གནང་པ་དང་ཁེ་ན་ཌའི་གྲོས་ཚོགས་ནང་བོད་དོན་ཉན་ཞིབ་བཅས་གནང་པར་ངོས་འཛིན་གྱིས། མངའ་སྡེའི་འཐུས་མི་དང་ཚོགས་གཞོན་དཀར་པོ་ཆེ་བུ་འཁྲིད་ལགས་ཀྱིས་དབྱིན་ཇིའི་རྒྱལ་པོ་ཅཱརལསི་ (Charles) གསུམ་པའི་ཁྲི་འདོན་གྱི་རྟགས་མ་དང་ཕྱག་འཁྱེར་གནང་རྒྱུར་རྒྱབ་གཉེར་ཞུས་པ་དང་། ཤེས་རབ་མཐར་ཕྱིན་ལགས་ཀྱིས་གཟེངས་བསྟོད་ཀྱི་ངོས་འཛིན་འདི་ལྟར་བྱུང་པར་དགའ་ཚོར་ཆེན་པོ་བྱུང་པའི་སྐོར་དང་། བོད་དོན་ཞུ་གཏུགས་དང་བོད་ནང་གི་འགྲོ་བ་མི་ཡི་ཐོབ་ཐང་ཐོག་ཕྱག་ལས་གནང་བ་བརྒྱུད་ཉེ་ཆར་རྒྱ་གཞུང་གི་ཉེས་ཆད་བཏང་མིན་མ་ལྟོས་་པར་མུ་མཐུད་དེ་འབྲེལ་ལས་དོན་སྔར་ལྷག་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་སོགས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
རྟགས་མ་དེ་བཞིན་དབྱིན་ཇིའི་རྒྱལ་པོ་ཅཱརལསི་ (Charles III) གསུམ་པའི་ཁྲི་འདོན་དང་བསྟུན་དབྱིན་ཡུལ་དུ་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༦ ཉིན་གནང་སྲོལ་འགོ་འཛུགས་གནང་པ་བཞིན། འདི་ལོ་ཁེ་ཎ་ཌའི་ནང་དང་ཁེ་ན་ཌའི་མི་སེར་གྱི་རྒྱལ་ཁབ་གཞན་དུ་ཁེ་ན་ཌའི་མི་སེར་གྱི་མཚན་ཐོག་ནས་ལས་རིགས་འདྲ་མིན་ཐོག་འགྲུབ་འབྲས་དང་བྱས་རྗེས་འཇོག་ཐུབ་མཁན་ཁྲི་གསུམ་ཙམ་ལ་རྟགས་མ་དང་ཕྱག་འཁྱེར་འདི་སྤྱི་ཁྱབ་སྲིད་སྐྱོང་ལས་ཁུངས་ནས་གནང་ལམ་ཡོད་པ་ལྟར། ཁེ་ན་ཌའི་ནང་དུ་བོད་མི་འབོར་ཆེན་གནད་སྡོད་བྱེད་ཡུལ་ Parkdale དང་High Park ས་གནས་ནས་ཉེ་ཆར་ཁེ་ན་ཌ་དབུས་གྲོས་ཚོགས་ཀྱི་འཐུས་མི་དང་ཁྲིམས་དོན་བློན་ཆེན་ཨ་རིཧྥ་ཝི་ར་ནི་ (Arif Virani) ལགས་ཀྱི་མཚན་ཐོག་ནས་ཀྱང་བོད་མི་བཞིར་རྟགས་མ་དང་ཕྱག་འཁྱེར་གནང་ཡོད་པ་མ་ཟད་ད་རེས་མངའ་སྡེའི་འཐུས་མི་དང་ཚོགས་གཞོན་དཀར་པོ་ཆེ་བུ་འཁྲིད་ལགས་ཀྱིས་ཁེ་ན་ཌ་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་སུ་ངོས་འཛིན་གནང་པ་འདི་ནི་འདི་ལོ་ཁེ་ན་ཌའི་མི་སེར་གྱི་གནས་བབ་ཡོད་པའི་བོད་མི་ལྔར་ཆེ་བསྟོད་ཀྱི་གཟེངས་རྟགས་དང་ཕྱག་འཁྱེར་དེ་ཐོབ་པ་ཆགས་ཡོད།།
གསར་འགོད་པ། ཨོ་རྒྱན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།