ཨ་རིའི་སྲིད་འཛིན་སྦཡེ་ཌེན་མཆོག་གློ་བུར་དུ་ཡུཀ་རེན་ནང་ཕེབས་ནས་འཚམས་གཟིགས་གནང་འདུག

ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་མཆོག་གློ་བུར་དུ་ཡུཀ་རེན་ནང་ཕེབས་ནས་འཚམས་གཟིགས་གནང་བ་དང་ཡུལ་དེའི་སྲིད་འཛིན་དང་མཇལ་མོལ་གནང་འདུག

ཨ་རིའི་སྲིད་འཛིན་སྦཡེ་ཌེན་མཆོག་གློ་བུར་དུ་ཡུཀ་རེན་ནང་ཕེབས་ནས་འཚམས་གཟིགས་གནང་སྐབས། ༠༢།༢༠།༢༠༢༣ AFP

དེ་ཡང་ཨ་རིའི་(CNN)་སོགས་རྒྱལ་སྤྱིའི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་མི་རི་ཀའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་མཆོག་གིས་ཕྱི་ཟླ་གཉིས་པའི་ཚེས་༢༠གཟའ་ཟླ་བའི་ཉིན་གློ་བུར་ཡུཀ་རེན་ནང་ཕེབས་ནས་འཚམས་གཟིགས་གནང་ཡོད་པ་དང་། ཡུཀ་རན་གྱི་སྲིད་འཛིན་ཛེ་ལེན་སི་ཀི་(Zelenskyy)་མཆོག་དང་ཁོང་གི་སྐུ་ཟླ་རྣམ་གཉིས་མཇལ་འཕྲད་གནང་ཡོད་འདུག
ར་ཤེ་ཡས་སྔ་ལོ་ཕྱི་ལོ་༢༠༢༢ཕྱི་ཟླ་གཉིས་པའི་ནང་ཡུཀ་རན་ནང་བཙན་འཛུལ་གྱིས་དམག་འཁྲུག་རྒྱབ་སྟེ་ལོ་ངོ་གཅིག་འགོར་གྱི་ཡོད་པའི་དུས་སྐབས་འདིར། ཨ་མི་རི་ཀའི་སྲིད་འཛིན་མཆོག་ཁུལ་དེར་གློ་བུར་འཚམས་གཟིགས་ཕེབས་པ་ནི། ཨ་མི་རི་ཀའི་གཞུང་དམངས་གཉིས་ཀྱིས་ཡུཀ་རེན་ལ་གདུང་སེམས་མཉམ་སྐྱེས་དང་མུ་མཐུད་དུ་རྒྱབ་སྐྱོར་ཡོད་པའི་མཚོན་དོན་ལྟབུ་ཞིག་ཡིན་པ་གནས་ཚུལ་སྤེལ་འདུག


དེའི་གོང་དམག་འཁྲུག་ཡོང་བཞིན་པའི་སྐབས་སྐབས་དེའི་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་(Nancy Pelosi)་མཆོག་ཡུཀ་རེན་ནང་འཚམས་གཟིགས་ཕེབས་ཡོད་པ་དང་། གཞན་རྒྱལ་སྤྱིའི་ཨ་མའི་དུས་ཆེན་ཉིན་ཨ་རིའི་སྲིད་འཛིན་གྱི་ལྕམ་(Jill Biden)་ལགས་ཡུཀ་རེན་ནང་འཚམས་གཟིགས་གནང་ཡོད་པ་སོགས། ཡུཀ་རེན་ལ་ར་ཤེ་ཡས་བཙན་འཛུལ་དམག་འཁྲུག་རྒྱབ་པ་ནས་བཟུང་། ཨ་རི་གཙོས་རྒྱལ་སྤྱིའི་ཡུལ་གྲུ་ཆེ་ཁག་ཚོས་ཡུཀ་རེན་ལ་རྒྱབ་སྐྱོར་ཆེན་པོ་གནང་བཞིན་ཡོད་པ་རེད་ལ། ཡུཀ་རེན་གྱི་སྲིད་འཛིན་མཆོག་ཀྱང་ཨ་རིའི་ཕོ་བྲང་དཀར་པོར་ཕེབས་ནས་སྲིད་འཛིན་དང་མཇལ་མོལ་གནང་བ་དང་། ཨ་རིའི་གྲོས་ཚོགས་ནང་ཆེ་བསྟོད་ཆེན་པོ་ཞུས་ཡོད་པ་རེད།
ཨ་རི་གཙོས་རྒྱལ་སྤྱིའི་ཡུལ་གྲུ་ཆེ་ཁག་ཚོས་ཡུཀ་རེན་ལ་རྒྱབ་སྐྱོར་གནང་བཞིན་པའི་སྐབས་འདིར། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲོད་སྐྱོན་བརྗོད་དང་དགག་ཆ་བྱེད་མིན་ལ་མ་བལྟོས་པར་ར་ཤེ་ཡ་དང་མཉམ་འབྲེལ་ལམ་ཡག་ཏུ་གཏོང་བཞིན་པ་རེད།


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org