བོད་དོན་ཞུ་གཏུག་མཐུན་ཚོགས་ཀྱིས་འབྲུག་གཞུང་གིས་བོད་ལ་ཤི་ཙང་ཞེས་བསྒྲགས་པར་སྐྱོན་བརྗོད་མཚན་འཁོད་ཞུ་སྙན་ཞིག རྒྱལ་ས་ལྡི་ལིའི་འབྲུག་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་ལ་ཕུལ་འདུག

2025.03.26
བོད་དོན་ཞུ་གཏུག་མཐུན་ཚོགས་ཀྱིས་འབྲུག་གཞུང་གིས་བོད་ལ་ཤི་ཙང་ཞེས་བསྒྲགས་པར་སྐྱོན་བརྗོད་མཚན་འཁོད་ཞུ་སྙན་ཞིག རྒྱལ་ས་ལྡི་ལིའི་འབྲུག་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་ལ་ཕུལ་འདུག བོད་རང་སྐྱོང་ལྗོངས་ཟེར་བའི་ཟློས་གར་ཚོགས་པས་ཐིམ་བུར་རིག་གཞུང་འཁྲབ་སྟོན་བྱེད་བཞིན་པའི་པར་རིས། ༢༠༢༥།༠༣།༡༨ ཉིན།
X/@China_Amb_India

ཟླ་ ༣ ཚེས་ ༢༥ ཉིན་བོད་ཀྱི་ཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ། བོད་དོན་འབྲེལ་མཐུད་ལས་ཁང་བཅས་ལས་གྲུབ་པའི་བོད་དོན་ཞུ་གཏུག་མཐུན་ཚོགས་ཀྱིས་ཉེ་ལམ་འབྲུག་གཞུང་ནས་བོད་མིང་ལ་ཨིན་སྐད་དུ་ཤི་ཙང་ (‘Xizang’) ཞེས་བཀོལ་སྤྱོད་བྱས་པར་ངོ་རྒོལ་གྱིས། ཚོགས་པ་གཞན་ ༡༤༤ ཡིས་དེ་འབྲེལ་སྐྱོན་བརྗོད་ཀྱིས་མཚན་འཁོད་ཞུ་སྙན་ཞིག རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འབྲུག་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་ལ་ཕུལ་ཡོད་པ་རེད་འདུག

དེ་ཡང་ཟླ་བ་ ༣ ཚེས་ ༡༧ ཉིན་འབྲུག་གཞུང་གི་ཕྱི་འབྲེལ་དང་ཕྱི་ཚོང་ལྷན་ཁང་གིས། ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༡༨ དང་ ༡༩ བཅས་ཉིན་གྲངས་གཉིས་རིང་ཤི་ཙང་བོད་རང་སྐྱོང་ལྗོངས་ཟེར་བའི་ཟློས་གར་ཚོགས་པ་ཞིག་ནས་འབྲུག་གི་རྒྱལ་ས་ཐིམ་ཕུར་རྟེན་གཞི་བྱས་པའི་ (Royal Institute of Management) ཞེས་པའི་ནང་རིག་གཞུང་འཁྲབ་སྟོན་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་པ་བཞིན། འདི་ཚེས་ ༢༥ ཉིན་བོད་དོན་ཞུ་གཏུག་མཐུན་ཚོགས་ཀྱིས་ཚོགས་པ་གཞན་ ༡༤༤ ཡིས་དེ་འབྲེལ་སྐྱོན་བརྗོད་ཀྱིས་མཚན་འཁོད་ཞུ་སྙན་ཞིག རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འབྲུག་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་ལ་ཕུལ་འདུག་ཅིང་། མཚན་འཁོད་ཞུ་སྙན་དེའི་ནང་འབྲུག་རྒྱལ་ཁབ་ནས་རྒྱ་ནག་གཞུང་གི་མངོན་འདོད་བཞིན་བོད་མིང་དུ་ཨིན་སྐད་དུ་ཤི་ཙང་ (‘Xizang’) ཞེས་པའི་ཐ་སྙད་བཀོལ་སྤྱོད་བྱས་པར་བཅོས་བསྒྱུར་གྱིས། གཞུང་འབྲེལ་སོགས་ཀྱི་ཡིག་ཆ་གང་ཡིན་ལ་དབྱིན་སྐད་དུ་ (Tibet) ཞེས་པ་བཀོལ་སྤྱོད་དགོས་པ་ལས་ཤི་ཙང་ཞེས་པ་བཀོལ་སྤྱོད་མི་བྱ་རྒྱུའི་འབོད་སྐུལ་ཞུས་ཡོད་པ་རེད་འདུག

WhatsApp Image 2025-03-27 at 1.58.55 AM.jpeg
བོད་དོན་ཞུ་གཏུག་མཐུན་ཚོགས་ཀྱིས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འབྲུག་གཞུང་ཚབ་ལ་ཞུ་གཏུག་སྐབས། ༢༠༢༥།༠༣།༢༥ ཉིན།

དེ་འབྲེལ་བོད་དོན་ཞུ་གཏུག་མཐུན་ཚོགས་ཀྱི་ཚོགས་མི་བློ་བཟང་དབྱངས་མཚོ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་དོན་ལ། ཁ་སྔོན་འབྲུག་གཞུང་གིས་གཞུང་འབྲེལ་གསལ་བསྒྲགས་ནང་བོད་ཀྱི་སྐད་དོད་དུ་ཤི་ཙང་ཞེས་བེད་སྤྱོད་བཏང་བར། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཡིས་ལྡི་ལིར་བོད་དོན་ཞུ་གཏུག་གནང་བཞིན་པ་དང་བསྟུན་ནས། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ ༡༤༤ ཡི་མཚན་རྟགས་འཁོད་པའི་ཞུ་སྙན་ཞིག་ལྡི་ལིར་འབྲུག་གི་གཞུང་ཚབ་ཁང་ལ་ཕུལ་ཡོད་པ་དང་། དེའི་ནང་གཙོ་བོ་འབྲུག་གཞུང་ནས་རྒྱ་ནག་གི་བཤད་སྒྲོས་ལྟར་ལག་བསྟར་བྱས་ན་བོད་མིའི་ངོ་བོ་དང་ལོ་རྒྱུས་ནག་གསུབ་གཏོང་བར་ཕན་གྲོགས་བྱས་པར་གྱུར་གྱི་ཡོད་པ་མ་ཟད། འབྲུག་ནི་བོད་དང་ལྷན་ལོ་ངོ་སྟོང་གི་འབྲེལ་བ་ཡོད་པ་ཞིག་ཡིན་དུས། བོད་དོན་ཐོག་གླེང་སྐབས་ཐུགས་གཟབ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་གསུངས་བྱུང་། 

འདི་ག་གསར་ཁང་ནས་དེའི་སྐོར་འབྲུག་གཞུང་གི་ཕྱི་སྲིད་ལྷན་ཁང་ལ་ཡིག་འབྲེལ་བཀའ་འདྲི་ཞུས་ཀྱང་ད་བར་ཡིག་ལན་འབྱོར་མེད།

གནད་དོན་དེ་འབྲེལ་བདུན་ཕྲག་སྔ་མའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་ཀྱང་། བཞུགས་སྒར་དུ་འཚོག་བཞིན་པའི་བོད་མིི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག སྤྱི་འཐུས་རྣམས་ནས་དེ་འབྲེལ་སེམས་ཚབས་གསལ་སྟོན་གནང་བར་བསྔགས་བརྗོད་ཀྱིས། བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱལ་སྤྱིའི་གཞུང་རྣམས་ལ་རྒྱ་ནག་གཞུང་གིས་མངོན་འདོད་བཞིན་བོད་མིང་ལ་ཨིན་སྐད་དུ་ཤི་ཙང་ཞེས་བཀོལ་སྤྱོད་མི་གནང་རྒྱུའི་འབོད་སྐུལ་བསྟུད་མར་ཞུ་བཞིན་པ་ལྟར། འབྲུག་རྒྱལ་ཁབ་ཀྱི་ཕྱི་སྲིད་ལས་ཁུངས་སུའང་དེ་འབྲེལ་ཕྱག་ཡིག་ཕུལ་ཡོད་པ་གསལ་བཤད་གནང་ཡོད་པ་རེད།

རྒྱ་ནག་གཞུང་གིས་རྒྱལ་སྤྱི་དང་། ལྷག་པར་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་མི་དང་མིའི་འབྲེལ་བ་དང་། རིག་གཞུང་གི་འབྲེལ་ལམ་ཟེར་བ་སོགས་བརྒྱུད་དེ་རྒྱ་ནག་གི་བཤད་སྒྲོས་ལྟ་ཚུལ་དང་། ཤུགས་རྐྱེན་སྤེལ་ཐབས་རྩོམ་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བར་ལམ་ནས་རྒྱལ་སྤྱིའི་སྟེང་ཡོངས་སུ་གྲགས་པའི་བོད་མིང་ཨིན་སྐད་དུ་ (Tibet) ཞེས་པ་ནག་བསུབ་གཏོང་ཐབས་ཀྱིས། བོད་ཀྱི་མིང་ཨིན་སྐད་དུ་ཤི་ཙང་ (‘Xizang’) ཞེས་བེད་སྤྱོད་བྱ་འགོ་བཙུགས་པ་མ་ཟད། ཕྱིའི་རྒྱལ་ཁབ་ཁག་ལའང་བཙན་འགེལ་གྱིས་རྒྱ་ནག་གིས་བཏགས་པའི་ཐ་སྙད་དེ་བཀོལ་སྤྱོད་བྱ་རུ་འཇུག་བཞིན་ཡོད་པ་ལྟར། འབྲུག་གཞུང་གིས་ཐེངས་འདིའི་འཁྲབ་སྟོན་དང་འབྲེལ་བའི་གསར་འགོད་བསྒྲགས་གཏམ་ནང་དུ་རྒྱ་ནག་གི་བཤད་སྒྲོས་བཞིན། བོད་མིང་དུ་ཤི་ཙང་ (‘Xizang’) ཞེས་བེད་སྤྱོད་བྱས་པའི་གནད་དོན་དེ་འབྲེལ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་བཀྲིས་ལགས་ཀྱིས་རྒྱ་ནག་གཞུང་གིས་ལོ་རྒྱུས་ལ་འགྱུར་བ་གཏོང་ཐབས་མེད་པ་དང་། ལྷག་པར་བོད་དང་ལྷན་ཆོས་རིག་གཉིས་ཀའི་ཐོག་འབྲེལ་ཐག་ཉེ་བའི་རྒྱལ་ཁབ་འབྲུག་ལྟ་བུས་རྒྱ་ནག་གི་རྗེས་སུ་འབྲང་བ་ནི་བློ་ཕམ་གྱི་གནས་ཤིག་ཡིན་ཞེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

WhatsApp Image 2025-03-27 at 2.02.55 AM.jpeg
རྒྱ་ནག་གཞུང་ཚབ་ (Xu Feihong) )དང་འབྲུག་རྒྱལ་ཁབ་ཀྱི་གཞུང་འབྲེལ་མི་སྣ་ཁག་གཅིག་རིག་གཞུང་འཁྲབ་སྟོན་གཟིགས་བཞིན་པའི་སྐབས། ༢༠༢༥།༠༣།༡༨དང་༡༩ ཉིན། X/@China_Amb_India

གཞི་རྩའི་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ངོ་བོ་བཅས་པ་རྩ་མེད་གཏང་རྒྱུའི་ཐབས་བྱུས་འདྲ་མིན་བསྟེན་བཞིན་ཡོད་པ་ལྟར། བར་ལམ་ནས་རྒྱ་ནག་གཞུང་གིས་བོད་ཀྱི་མིང་ཨིན་སྐད་དུ་ (Tibet) ཞེས་ཡོང་གྲགས་སུ་འབོད་པ་དེ་ཡིས་བོད་ཡོངས་རྫོགས་ལ་གོ་གི་ཡོད་པས། གཞུང་འབྲེལ་ཐོག་ནས་ཨིན་སྐད་ཐོག་བོད་མིང་ལ་ཤི་ཙང་ཞེས་འབོད་འགོ་བཙུགས་ཏེ། དེ་ལྟར་ཕྱིའི་རྒྱལ་ཁབ་ཁག་གི་འགྲེམས་སྟོན་ཁང་དང་རིག་གཞུང་བསྟི་གནས་ཁང་སོགས་སུའང་བོད་མིང་ལ་ཤི་ཙང་ (‘Xizang’) ཞེས་འབོད་རྒྱུར་ཤུགས་རྐྱེན་སྤྲོད་བཞིན་ཡོད་པ་རེད་ལ། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཅའ་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཀྱང་། དེར་གདོང་ལེན་བྱེད་ཆེད་འགྲེམས་སྟོན་ཁང་དེ་དག་ལ་ཞུ་སྙན་དང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སོགས་བསྟུད་མར་སྤེལ་བཞིན་ཡོད་པ་རེད།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎