བོད་དང་ཆོས་རིག་གཉིས་ཀའི་ཐོག་འབྲེལ་ཐག་ཉེ་བའི་འབྲུག་ཡུལ་གྱིས་བོད་མིང་ལ་ཤི་ཙང་ཞེས་འབོད་འགོ་བཙུགས་པ་ནི་བློ་ཕམ་གྱི་གནས་རེད་ཅེས་ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག

2025.03.21
བོད་དང་ཆོས་རིག་གཉིས་ཀའི་ཐོག་འབྲེལ་ཐག་ཉེ་བའི་འབྲུག་ཡུལ་གྱིས་བོད་མིང་ལ་ཤི་ཙང་ཞེས་འབོད་འགོ་བཙུགས་པ་ནི་བློ་ཕམ་གྱི་གནས་རེད་ཅེས་ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག བོད་དང་། རྒྱ་ནག འབྲུག་གསུམ་གྱི་རྒྱལ་དར།
སྒྲིག་བཟོ།

རྒྱ་ནག་གཞུང་གིས་ཁྱིམ་མཚེས་རྒྱལ་ཁབ་ཚོར་རྒྱ་ནག་གི་བཤད་སྒྲོས་དང་ཤུགས་རྐྱེན་སྤེལ་རྒྱུའི་འབད་རྩོལ་ཁྲོད་ཉེ་ལམ་འབྲུག་ཡུལ་ནང་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་ཟློས་གར་ཚོགས་པ་ཞིག་ཆེད་གཏོང་གིས་འཁྲབ་སྟོན་བྱས་འདུག་པ་མ་ཟད། དེ་འབྲེལ་གསར་འགོད་བསྒྲགས་གཏམ་ཐོག་འབྲུག་གཞུང་གིས་བོད་མིང་ལ་ཨིན་སྐད་ཐོག་རྒྱ་གཞུང་གིས་བཙན་འགེལ་ལྟར། ཤི་ཙང་ཞེས་བེད་སྤྱོད་བྱས་འདུག

དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༣ ཚེས་ ༡༧ ཉིན་འབྲུག་གཞུང་གི་ཕྱི་འབྲེལ་དང་ཕྱི་ཚོང་ལྷན་ཁང་གིས་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༣ ཚེས་ ༡༨ དང་ ༡༩ བཅས་ཉིན་གྲངས་གཉིས་རིང་བོད་རང་སྐྱོང་ལྗོངས་ཟེར་བའི་ཟློས་གར་ཚོགས་པ་ཞིག་ནས་འབྲུག་གི་རྒྱལ་ས་ཐིམ་ཕུར་རྟེན་གཞི་བྱས་པའི་(Royal Institute of Management) ཞེས་པའི་ནང་རིག་གཞུང་འཁྲབ་སྟོན་བྱ་རྒྱུ་ཡིན་པ་བསྒྲགས་ཡོད་པ་ལྟར། གོང་ཚེས་ཉིན་གཉིས་རིང་བོད་རང་སྐྱོང་ལྗོངས་ཟེར་བའི་ཟློས་གར་དང་ལྷ་མོ་ཚོགས་པས་འཁྲབ་སྟོན་བྱས་འདུག

རྒྱ་ནག་གཞུང་གིས་རྒྱལ་སྤྱི་དང་། ལྷག་པར་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་མི་དང་མིའི་འབྲེལ་བ་དང་། རིག་གཞུང་གི་འབྲེལ་ལམ་ཟེར་བ་སོགས་བརྒྱུད་དེ་རྒྱ་ནག་གི་བཤད་སྒྲོས་ལྟ་ཚུལ་དང་། ཤུགས་རྐྱེན་སྤེལ་ཐབས་རྩོམ་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བར་ལམ་ནས་རྒྱལ་སྤྱིའི་སྟེང་ཡོངས་སུ་གྲགས་པའི་བོད་མིང་ཨིན་སྐད་དུ་(Tibet)ཞེས་པ་ནག་བསུབ་གཏོང་ཐབས་ཀྱིས། བོད་ཀྱི་མིང་ཨིན་སྐད་དུ་ཤི་ཙང་ཞེས་བེད་སྤྱོད་བྱ་འགོ་བཙུགས་པ་མ་ཟད། ཕྱིའི་རྒྱལ་ཁབ་ཁག་ལའང་བཙན་འགེལ་གྱིས་རྒྱ་ནག་གིས་བཏགས་པའི་ཐ་སྙད་དེ་བཀོལ་སྤྱོད་བྱ་རུ་འཇུག་བཞིན་ཡོད་པ་ལྟར། འབྲུག་གཞུང་གིས་ཐེངས་འདིའི་འཁྲབ་སྟོན་དང་འབྲེལ་བའི་གསར་འགོད་བསྒྲགས་གཏམ་ནང་དུ་རྒྱ་ནག་གི་བཤད་སྒྲོས་བཞིན། བོད་མིང་དུ་ཤི་ཙང་ཞེས་བེད་སྤྱོད་བྱས་པ་ནི་བློ་ཕམ་གྱི་གནས་ཡིན་པ་ཉམས་ཞིབ་པས་འགྲེལ་བརྗོད་གནང་བཞིན་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་བཀྲིས་ལགས་ཀྱིས་རྒྱ་ནག་གཞུང་གིས་ལོ་རྒྱུས་ལ་འགྱུར་བ་གཏོང་ཐབས་མེད་པ་དང་། ལྷག་པར་བོད་དང་ལྷན་ཆོས་རིག་གཉིས་ཀའི་ཐོག་འབྲེལ་ཐག་ཉེ་བའི་རྒྱལ་ཁབ་འབྲུག་ལྟ་བུས་རྒྱ་ནག་གི་རྗེས་སུ་འབྲང་བ་ནི་བློ་ཕམ་གྱི་གནས་ཤིག་ཡིན་ཞེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གཞི་རྩའི་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ངོ་བོ་བཅས་པ་རྩ་མེད་གཏང་རྒྱུའི་ཐབས་བྱུས་འདྲ་མིན་བསྟེན་བཞིན་ཡོད་པ་ལྟར། བར་ལམ་ནས་རྒྱ་ནག་གཞུང་གིས་བོད་ཀྱི་མིང་ཨིན་སྐད་དུ་Tibet ཞེས་ཡོང་གྲགས་སུ་འབོད་པ་དེ་ཡིས་བོད་ཡོངས་རྫོགས་ལ་གོ་གི་ཡོད་པས། གཞུང་འབྲེལ་ཐོག་ནས་ཨིན་སྐད་ཐོག་བོད་མིང་ལ་ཤི་ཙང་ཞེས་འབོད་འགོ་བཙུགས་ཏེ། བོད་རང་སྐྱོང་ལྗོངས་ཁོ་ནར་གོ་ཐབས་བྱེད་བཞིན་ཡོད་ཅིང་། དེ་ལྟར་རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་དང་། འགྲེམས་སྟོན་ཁང་སོགས་རིག་གཞུང་བསྟི་གནས་ཁང་ཁག་ལའང་བོད་མིང་ལ་ཤི་ཙང་ཞེས་འབོད་རྒྱུར་བཙན་འགེལ་བྱས་རྐྱེན། བར་ལམ་ནས་རྒྱ་ནག་དང་འབྲེལ་བ་ཉེ་བའི་རྒྱལ་ཁབ་དང་སྡེ་ཚན་ཁག་ཅིག་གིས་རྒྱ་ནག་གི་རྗེས་སུ་འབྲང་སྟེ། བོད་ལ་ཤི་ཙང་ཞེས་འབོད་འགོ་བཙུགས་ཡོད། །

གསར་འགོད་པ། ལོ་ཡག་བཀྲིས། 

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎