བོད་མི་བཅུ་ཡིས་ཁྲིམས་ཁང་གོང་མར་ཞུ་གཏུག་བྱས་འདུག
ཉེ་ལམ་བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་ཁྲིམས་ཐག་བཅད་པའི་བོད་མི་བཅུ་ཡིས་ནག་ཉེས་ངོས་ལེན་མ་བྱས་བར་ཀན་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གོང་གཏུག་བྱས་འདུག
-
2020-11-03 -
-
-
དེ་ཡང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན། ཉེ་ལམ་ཀན་ལྷོ་ཕྱོགས་ཀྱི་བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་བོད་མི་བཅུ་ལ་རྒྱ་ནག་གི་རོགས་སྐྱོར་འཛུགས་བསྐྲུན་ལས་གཞི་འགོག་ཐབས་བྱས་པ་དང་། མི་དམངས་དཔུང་སྡེབ་ཀྱིས་ཟིང་ཆ་བསླངས་བ་སོགས་ཀྱི་ཉེས་མིང་འོག་མི་ལོ་༨་ནས་༡༣་བར་ཚད་གཞི་མི་འདྲ་བའི་ཁྲིམས་ཐག་བཅད་པ་དེར། བོད་མི་དེ་ཚོས་ངོས་ལེན་མ་བྱས་པར་ཀན་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གོང་གཏུག་བྱས་ཡོདའདུག གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་༡༠བའི་ཚེས་༢༨་དང་༣༠ཉིན་གྲངས་གཉིས་རིང་ཀན་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནང་གོང་གཏུག་བསྐྱར་ཞིབ་ཀྱི་ཁྲིམས་ར་ཚོགས་འདུག་ཅིང་། སྐབས་དེར་བོད་མི་དེ་ཚོ་ཚང་མས་རྫོང་མི་དམངས་ཁྲིམས་ཁང་གི་ཐག་གཅོད་དྲང་བདེན་མིན་པ་དང་། ཁོང་ཚོས་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་ལས་ཀ་བྱས་མེད་པ། ཁོང་ཚོས་ས་གནས་ཡུལ་མིའི་འཚོ་གནས་དང་ས་གནས་ཀྱི་ཁོར་ཡུག་དང་བསྟུན་པའི་ལས་ཀ་བྱས་པ་དེ་དག་ཡུལ་ཚོའི་ས་གནས་སྲིད་གཞུང་དང་། རྫོང་སྲིད་གཞུང་བཅས་པར་སྙན་སེང་ཞུས་ཏེ་མོས་མཐུན་ཐག་གཅོད་བྱུང་བ་ཡིན་པ་གསལ་བཤད་བྱས་འདུག་ལ། ཁོང་ཚོས་ལས་དོན་དེ་དག་སྤེལ་བའི་སྐབས་ཐོག་དེར་ཁྲིམས་འགལ་རེད་ཟེར་མཁན་གང་ཡང་མ་བྱུང་ཚུལ་དང་། ད་ཆ་འབྲེལ་ཡོད་ལས་བྱེད་དང་རོགས་སྐྱོར་ཁྲོད་ཀྱི་བཟོ་ལས་ཁང་དེ་ཚོས་ཉེས་འཛུགས་བྱས་པ་གཞིར་བཞག་གིས་ཁྲིམས་ཐག་བཅད་པ་ནི་དྲང་བདེན་མིན་པ་བརྗོད་འདུག དེ་བཞིན་ནག་ཉེས་བཙུགས་སའི་བོད་མི་བཅུ་པོ་དེ་དག་གིས་ཁོང་ཚོའི་ཐོག་ཁྲིམས་ཐག་བཅད་པའི་བཅད་ཁྲའི་ནང་དོན་དང་དངོས་ཡོད་གནས་ཚུལ་དབར་མི་མཐུན་པ་ཡོད་པ་སོགས་ཀྱི་གནད་དོན་གསལ་བཤད་བྱས་འདུག་ལ།
ཁོང་ཚོའི་ཁྲོད་ཀྱི་བོད་མི་ཁག་གཅིག་གིས་དངོས་ཡོད་དྲང་བདེན་གྱི་གནས་ཚུལ་བཤད་འདོད་ཀྱང་བཤད་ས་མེད་པ་དང་ཉན་མཁན་མེད་པ་འུ་ཐུག་པའི་རྣམ་འགྱུར་དང་བཅས་ཁྲིམས་ཐག་ཡང་མོ་གཅོད་རྒྱུའི་ཞུ་སྐུལ་ཡང་བྱས་འདུག
ཡིན་ན་ཡང་ཚེས་ ༢༨ དང་ ༣༠ ཁྲིམས་ར་ཚོགས་པ་དེ་ནི་བོད་མི་དེ་དག་གིས་ཁྲིམས་གོང་མར་བསྐྱར་ཞུའི་ཉན་ཞིབ་ཙམ་ལས་ཀན་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གནད་དོན་ཐག་གཅོད་གང་ཡང་བྱས་མེད་པ་རེད།
མདོ་སྨད་མདོ་ལྷོ་བླ་བྲང་བསང་ཆུ་རྫོང་གི་རྒྱ་ནག་གི་མི་དམངས་ཁྲིམས་ཁང་གིས་དེ་སྔོན་ཟླ་༦པའི་ནང་བཀྲ་ཤིས་རྒྱ་མཚོ་དང་། ཚེ་དབང་གཙོས་བོད་མི་བཅུ་ལ་རྒྱ་ནག་གི་རོགས་སྐྱོར་འཛུགས་བསྐྲུན་ལས་གཞི་འགོག་ཐབས་བྱས་པ་དང་། མི་དམངས་དཔུང་སྡེབ་ཀྱིས་ཟིང་ཆ་བསླངས་ནས། ལོ་ཤས་གོང་ནས་བསང་ཆུ་རྫོང་བང་དཀར་ཐང་ཕྱོགས་སུ་རྒྱ་ནག་གཞུང་གིས་རོགས་སྐྱོར་འཛུགས་བསྐྲུན་གྱི་རྣམ་གྲངས་སྤྲད་པའི་ཁྲོད། ཨ་མདོའི་ཁེ་གཉེར་ལས་ཁང་ཟེར་བས་ས་གནས་སུ་བཤས་ར་བཙུགས་པ་འགོག་ཐབས་བྱས་པ་དང་། རྗེས་སུ་བཀག་མ་ཐུབ་པར་བརྟེན་གུན་གསབ་དགོས་བའི་དགོས་འདུན་བཏོན་ཞིང་། མྱུར་འགྲོས་གཞུང་ལམ་སོགས་འཛུགས་བསྐྲུན་གྱི་ལས་གཞིའི་ཁྲོད་ས་གནས་ཀྱི་ཡུལ་མིའི་ཞིང་ས་ཤོར་བ་དང་གནམ་ལྷ་ཟ་ཁང་གི་རྩིག་གྱང་ལ་སེར་གས་བྱུང་བར་གུན་གསབ་ལེན་ཐབས་བྱས་པ་སོགས་ལ་ཁ་གཡར་ནས། གནམ་ལྷ་དགོན་པའི་དགེ་འདུན་པ་གཉིས་དང་། ས་གནས་ཡུལ་མི་བརྒྱད་བཅས་མི་བཅུ་ཡིས་ལས་འགུལ་གྱི་སྣེ་ཁྲིད་པ་དང་ལས་འགུལ་ནང་རིམ་པར་མཉམ་ཞུགས་བྱས་པ་ཡིན་ཚུལ་གྱིས་བོད་མི་དེ་དག་ལ་མི་ལོ་༨་ནས་༡༣་བར་གྱི་ཁྲིམས་ཐག་བཅད་ཡོད་པ་རེད།
གནད་དོན་འདིའི་ཐད་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་འགྲོ་བ་མིའི་ཐོབ་ཐང་ཚན་པ་ཁག་གིས་ཐག་གཅོད་དེ་ནི་ས་གནས་སུ་རང་གི་མང་ཚོགས་དང་སྤྱི་ཚོགས་ལ་འགན་འཁུར་མཁན་གྱི་བོད་རིགས་རྒན་པ་ཁག་ཅིག་ལ་ཆེད་དུ་ཉེས་ཆད་བརྒྱུད་རྡུང་རྡེག་བཏང་བ་ཞིག་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།
ཉེ་སྔོན་སྤྱི་ཟླ་དྲུག་པའི་ནང་བོད་ནས་བོད་མི་ཞིག་གིས། གོང་གི་གནས་ཚུལ་དེ་ནི་བང་དཀར་ཐང་ས་གནས་སུ་ལོ་ཤས་རིང་བྱུང་བའི་དཀའ་རྙོག་ཡིན་པ་དང་། དེའི་ཁྲོད་ས་གནས་ཀྱི་འབྲེལ་ཡོད་རྒྱ་ནག་གི་ལས་བྱེད་པ་དང་། ས་གནས་བོད་མི། རྒྱ་རིགས་ཚོང་བདག་དང་ལས་བཟོ་བ། ཁ་ཆེ་མི་རིགས་སོགས་མང་པོ་དང་འབྲེལ་བ་ཡོད་ཀྱང་། མཐའ་དོན། དབྱེ་འབྱེད་དང་དྲང་བདེན་མ་ཡིན་པའི་ཐོག་ནས་བོད་མི་བཅུ་ལ་ཁྲིམས་ཐག་བཅད་པར་ས་གནས་ཀྱི་བོད་མི་ཚོར་བསམ་ཚུལ་ཆེན་པོ་ཡོང་བཞིན་ཡོད་ཀྱང་ཞེད་སྣང་གིས་ཞུ་གཏུག་བྱེད་མ་ཐུབ་པར་ལྷག་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་བྱས་ཡོད་པ་རེད།།