ཨ་མི་རི་ཀའི་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱིས་བོད་དོན་དང་འབྲེལ་བའི་གྲོས་ཆོད་གཏན་འབེབས་བྱས་འདུག

རྒྱ་ནག་གཞུང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐག་གཅོད་ཡོང་བའི་ཆེད་ཨ་མི་རི་ཀའི་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱིས་ཨ་མི་རི་ཀ་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་སྐུལ་འདེད་གཏོང་རྒྱུའི་གྲོས་ཆོད་གཏན་འབེབས་བྱས་འདུག

ཨ་མི་རི་ཀའི་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱིས་གཏན་འབེབས་གནང་བའི་བོད་དོན་གྲོས་ཆོད། ༠༨།༢༠༢༤ སྒྲིག་བཟོ། /RFA/ABA

ཨ་མི་རི་ཀའི་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱི་ཕྱི་ལོ་ ༢༠༢༤ ལོ་འཁོར་ཚོགས་ཆེན་ཕྱི་ཟླ་ ༨ ཨ་རིའི་ཆི་ཁ་གྷོ་ (Chicago) གྲོང་ཁྱེར་དུ་འཚོགས་སྐབས། གྲོས་ཆོད་ཨང་ ༥༠༢ ཞེས་པར་མོས་མཐུན་གྱིས་གཏན་འབེབས་བྱུང་བའི་ནང་། ཨ་རིའི་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་འཛམ་གླིང་ཉེས་དོན་ཁྲིམས་ཞིབ་ཚན་པར་རྒྱ་ནག་གཞུང་གིས་བོད་ནང་རིགས་རྒྱུད་རྩ་མེད་བཟོ་བའི་གནད་དོན་དང་། འགྲོ་བ་མིའི་རིགས་རྒྱུད་རྩ་མེད་བཟོ་བའི་ནག་ཉེས་གསོག་ཡོད་མེད་བཅས་ཀྱི་ཐད་རྟོག་ཞིབ་ནན་པོ་བྱེད་དེ་རྟོག་ཞིབ་ཀྱི་མཇུག་འབྲས་གསལ་བསྒྲགས་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།
གྲོས་ཆོད་དེའི་ནང་མུ་མཐུད། ཨ་རིའི་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་བོད་ཀྱི་གནས་སྟངས་ཐད་ཆེད་དི་ཞིབ་འཇུག་གི་རྟོག་ཞིབ་མི་སྣ་བསྐོ་བཞག་བྱེད་དེ་བོད་ཀྱི་གནས་སྟངས་དེ་ལས་རིམ་གྱི་གྲོས་གཞིའི་ནང་བཀོད་དགོས་པའི་སྐུལ་མ་བྱས་འདུག

ཨ་མི་རི་ཀའི་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱིས་བོད་དོན་དང་འབྲེལ་བའི་གྲོས་ཆོད་བཞག་པ་དེའི་ཐད། བོད་དང་འཛམ་གླིང་ནང་དཀའ་སྡུག་མྱོང་བའི་གྲངས་ཉུང་མི་རིགས་ཀྱི་གོ་ལའི་སྣ་མཐུན་ཚོགས་པའི་འགན་འཛིན་ཚེ་རིང་པ་སངས་ལགས་ཀྱིས། ཨ་མི་རི་ཀའི་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱིས་ཐེངས་དང་པོར་བོད་དོན་དང་འབྲེལ་བའི་གྲོས་ཆོད་བཞག་པ་དེ། བོད་དོན་ལ་མཚོན་ན་གཏམ་བཟང་ཡིན་པ་དང་། མ་འོངས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་སྐབས་ཕན་ནུས་ཆེན་པོ་ཡོང་རྒྱུ་ཡིན་པའི་རེ་བ་ཡོད་པ་མ་ཟད། ལྷན་ཚོགས་དེའི་ཁྱབ་ཁོངས་ཀྱི་སྡེ་ཚན་ཁག་གིས་བོད་དོན་དང་འབྲེལ་བའི་ལས་དོན་གང་སྤེལ་རྒྱུར་སྲིད་ཇུས་ལྟ་བུ་ཆགས་པ་ཡིན་དུས་ལག་པ་འཇུ་ས་ཞིག་རེག་པ་མ་ཟད་འགན་ཁུར་ཞིག་ཀྱང་ཆགས་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གྲོས་ཆོད་དེ་ནི་ཨ་རིའི་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱི་ (International Law Section -ILS) རྒྱལ་སྤྱིའི་ཁྲིམས་ལུགས་སྡེ་ཚན་གྱི་ཐོག་མ་འཆར་འབུལ་ཞུས་པ་ཞིག་ཡིན་འདུག་པ་དང་། ལོ་འཁོར་ཚོགས་ཆེན་ཐོག་ལྷན་ཞུགས་གནང་བའི་མཐུན་ཚོགས་དེའི་ (House of Delegates) ཞེས་སྲིད་བྱུས་གཏན་འབེབས་བྱེད་མཁན་གྱི་སྡེ་ཚན་ཁྲོད་མངའ་སྡེ་དང་ས་གནས། དེ་བཞིན་དམིགས་བསལ་ཁྲིམས་རྩོད་པ་བཅས་ཁྱོན་ཚོགས་མི་ ༥༩༠ ཡིས་དགག་བྱ་གང་ཡང་མེད་པའི་ཐོག་རྒྱབ་སྐྱོར་གནང་ཡོད་འདུག
ཨ་རིའི་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐོག་གྲོས་ཆོད་ཀྱི་ནང་དོན་དེ་དག་ནི་མཐུན་ཚོགས་དེའི་དངོས་སུ་ཚོད་འཛིན་གྱི་ནུས་པ་ལྡན་པའི་སྲིད་ཇུས་སུ་གཏན་འབེབས་བྱས་འདུག
གྲོས་ཆོད་དེ་ནི་དང་ཐོག་རྒྱལ་སྤྱིའི་ཉེས་ཁྲིམས་ལྷན་ཚོགས་ཀྱིས་གྲོས་འགོ་བཏོན་ཞིང་། དེའི་རྗེས་ཨ་རིའི་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱི་རྒྱལ་སྤྱིའི་ཁྲིམས་དོན་སྡེ་ཚན་ནས་གྲོས་འགོའི་སྣེ་ཁྲིད་གནང་སྟེ། ཨ་རིའི་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱིས་སྤྱི་མང་ཐོབ་ཐང་དང་། སྤྱི་ཚོགས་ཀྱི་དྲང་བདེན་ཚན་པ། འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་དང་ཉེས་ཁྲིམས་ཁྲིམས་འཛིན་ཚན་པ་བཅས་ཐུན་མོང་གིས་རྒྱབ་སྐྱོར་བྱས་པ་ཞིག་ཡིན་འདུག


གསར་འགོད་པ། ལྕགས་མོ་འཚོ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org