མཐོ་སྒང་བོད་ཀྱི་ཨ་ཆེན་གངས་རྒྱབ་ཀྱི་གནས་བབ་ཐད་བསྐྱར་ཞིབ་དགོས་པའི་འབོད་སྐུལ།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱལ་ཚོགས་ཀྱི་རང་བྱུང་ཤུལ་བཞག་སྲུང་སྐྱོབ་ས་ཁུལ་ཁོངས་སུ་བཅུག་ཡོད་པ་མདོ་དབུས་མཐོ་སྒང་གི་ལྟེ་བའི་ས་ཆ་ན་ཆགས་པའི་ཨ་ཆེན་གངས་རྒྱབ་ཀྱི་གནས་བབ་ཐོག་བསྐྱར་ཞིབ་དགོས་པའི་འབོད་སྐུལ་གནང་འདུག

མཐོ་སྒང་བོད་ཀྱི་ཨ་ཆེན་གངས་རྒྱབ། Chinese State Media

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱལ་ཚོགས་ཀྱི་རང་བྱུང་ཤུལ་བཞག་སྲུང་སྐྱོབ་ས་ཁུལ་ཁོངས་སུ་བཅུག་ཡོད་པ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་མདོ་དབུས་མཐོ་སྒང་གི་ལྟེ་བའི་ས་ཆ་ན་ཆགས་པའི་ཨ་ཆེན་གངས་རྒྱབ་ཀྱི་གནས་བབ་ཐོག་བསྐྱར་ཞིབ་དགོས་པའི་འབོད་སྐུལ་གནང་འདུག
ཉེ་ལམ་(World Heritage Watch)་ཞེས་འཛམ་གླིང་གི་གནའ་ཤུལ་རིག་དངོས་ཤུལ་བཞག་སྲུང་སྐྱོབ་གནང་མཁན་གཞུང་འབྲེལ་མ་ཡིན་པའི་ཚོགས་པས། སྤྱི་ལོ་༢༠༢༢ལོའི་འཛམ་གླིང་གི་གནའ་ཤུལ་རིག་དངོས་ལྟ་ཞིབ་ཀྱི་ཉམས་ཞིབ་སྙན་ཐོ་འདོན་སྤེལ་གནང་བའི་ནང་། ལོ་ལྔའི་གོང་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་ཚན་པས་བོད་ཀྱི་གནའ་ཤུལ་སྲུང་སྐྱོབ་དང་འབྲེལ་བའི་སྙན་ཐོར་ཞིབ་འཇུག་དགོས་གལ་ཆེ་བ་དང་། ཡུལ་ཤུལ་ཁུལ་དུ་སྤྱི་ལེ་གྲུ་བཞི་མ་ཁྲི་དྲུག་ལྷག་ཡོད་པའི་བོད་ཀྱི་ཨ་ཆེན་གངས་རྒྱབ་དེ་སྤྱི་ལོ་༢༠༡༧ལོར་རྒྱལ་ཚོགས་ཀྱི་རང་བྱུང་ཤུལ་བཞག་སྲུང་སྐྱོབ་ས་ཁུལ་ཁོངས་སུ་བཅུག་པ་ནས་བཟུང་གནས་སྟངས་བསྐྱར་ཞིབ་བྱས་མེད་པ་གསལ་སྟོན་དང་འབྲེལ། ཨ་རིའི་རྒྱལ་སར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་ཀྱི་གནའ་ཤུལ་རིག་དངོས་སྲུང་སྐྱོབ་ཐད་བསྐྱར་ཞིབ་ངེས་པར་དུ་དགོས་པ་རྒྱབ་གཉེར་དང་འབོད་སྐུལ་གནང་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། རྒྱ་ནག་གཞུང་གི་ངོས་ནས་ཨ་ཆེན་གངས་རྒྱབ་དེ་བོད་ཀྱི་འབྲོག་སར་ངོས་འཛིན་མ་བྱས་པར་མི་མེད་ལུང་སྟོང་ཡིན་ཚུལ་བརྗོད་པར་སྐྱོན་བརྗོད་དང་འབྲེལ། ཨ་ཆེན་གངས་རྒྱབ་ཀྱི་ས་ཁུལ་དེར་འཛིན་སྐྱོང་དང་བསྒྱུར་བཅོས་གང་འདྲ་ཞིག་བཏང་ཡང་། ས་གནས་མང་ཚོགས་ཀྱི་འཚོ་བ་དང་། ཡུལ་སྲོལ། ཆོས་ལུགས་ཀྱི་བྱེད་སྒོ་བཅས་པ་གཞིར་བཞག་གིས་ལག་བསྟར་བྱེད་དགོས་པ་དང་། ལྷག་པར་དུ་གནས་ས་དེ་ལ་བཅོས་བསྒྱུར་གཏོང་སྐབས་འཛིན་སྐྱོང་གི་ལས་དོན་ཚོགས་ཆུང་ནང་ས་གནས་བོད་མི་མང་ཚོགས་ངེས་པར་དུ་མཉམ་ཞུགས་བྱེད་འཇུག་དགོས་པ་རེ་སྐུལ་རྒྱབ་གཉེར་གནང་ཡོད་པ་རེད།
འདི་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་(COP27)་ཞེས་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་ཚོགས་ཆེན་ཚོགས་ལ་ཉེ་བ་དང་བསྟུན་འབོད་སྐུལ་ཞུས་བ་ཞིག་ཡིན་འདུག
ཨ་ཆེན་གངས་རྒྱབ་ནི། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་རྒྱུད་དང་མདོ་དབུས་མཐོ་སྒང་གི་ལྟེ་བའི་ས་ཆ་ན་ཆགས་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༤༥༠ཙམ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་༥༠༠༠ལ་ཉེ་བ་ཙམ་ཡོད། ཨ་ཆེན་གངས་རྒྱབ་འདི་ནི་འཛམ་གླིང་གི་མཐོ་སྒང་གངས་ཀྱིས་ཁེངས་བའི་ཁུལ་ཆེ་གྲས་ཡིན་པ་དང་། རྩི་ཤིང་སྲོག་ཆགས་ཀྱི་ཐོན་ཁུངས་ཆེས་ཕུན་སུམ་ཚོགས་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཞིག་ཀྱང་ཡིན།
དེའི་སྔོན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་བོད་དོན་ལས་འགུལ་བསྟི་གནས་ཁང་གཉིས་ཀྱིས་སོ་སོར་འཚོག་ལ་ཉེ་བའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཚོགས་ཆེན་ཐོག་བོད་དོན་གླེང་སློང་ཡོང་བའི་ཞུ་ཡིག་བསྐུར་ཡོད་པ་རེད།

གསར་འགོད་པ། ཀརྨ་རྒྱ་མཚོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org