བོད་ནང་ཕར་འགྲོ་ཚུར་ཡོང་འདྲ་མཉམ་གྱི་གྲོས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་གནང་འདུག
2018.11.29

ཨ་རི་མི་རི་ཀའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནས་བོད་ནང་ཕར་འགྲོ་ཚུར་འོང་གི་ཐོབ་ཐང་འདྲ་མཉམ་གྱི་གྲོས་འཆར་གཏན་འབེབས་དགོས་པའི་སྲིད་བྱུས་ལ་སྤྱི་མོས་ཀྱིས་རྒྱབ་སྐྱོར་གནང་འདུག
དེ་ཡང་འདི་ལོ་ཕྱི་ཟླ་དགུ་པའི་ཚེས་༢༥་ཉིན། ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་ནང་ཕར་འགྲོ་ཚུར་ཡོང་གི་གོ་སྐབས་འདྲ་མཉམ་དགོས་བའི་ཁྲིམས་འཆར་(Reciprocal Access to Tibet Act)ཞེས་རྒྱ་གཞུང་ནས་ཨ་མི་རི་ཀའི་མི་སེར་བོད་ནང་ཕེབས་རྒྱུར་བཀག་སྡོམ་བྱེད་བཞིན་ཡོད་པ་བཞིན་ཕར་དེ་ལྟར་རྒྱ་ནག་གི་འབྲེལ་ཡོད་རྣམས་ཨ་རི་ནང་ཡོང་རྒྱུར་བཀག་སྡོམ་གནང་རྒྱུ་ཡིན་པའི་ཁྲིམས་འཆར་ཞིག་གཏན་འབེབས་གནང་བའི་རྗེས། རིམ་བཞིན་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་ཁྲོད་ནས་གྲོས་ཚོགས་གོང་མས་དེའི་ཐོག་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་རིམ་པ་གནང་བ་བཞིན་ཕྱི་ཟླ་༡༡་པའི་ཚེས་༢༨་ཉིན། ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་བོད་ནང་ཕར་འགྲོ་ཚུར་འོང་གི་ཐོབ་ཐང་འདྲ་མཉམ་གྱི་གྲོས་འཆར་གཏན་འབེབས་དགོས་པའི་སྲིད་བྱུས་ལ་སྤྱི་མོས་ཀྱིས་རྒྱབ་སྐྱོར་གནང་ཡོད་པ་རེད།
ད་ལྟའི་ཆར་གོང་ཞུས་གྲོས་འཆར་དེ་བཞིན་ཨ་མི་རི་ཀའི་གྲོས་ཚོགས་གོང་མ་ནས་སྤྱི་མོས་རྒྱབ་སྐྱོར་ཐོབ་རྒྱུའི་ཐུགས་རེ་གནང་བཞིན་ཡོད་པ་རེད། དེ་ཡང་རྒྱལ་ས་ཝ་ཤིང་ཀྲོན་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་(Matteo Mecacci) ཡིས་བོད་ནང་ཕར་འགྲོ་ཚུར་འོང་གི་ཐོབ་ཐང་འདྲ་མཉམ་གྱི་གྲོས་འཆར་དེའི་ཐོག་ཨ་མི་རི་ཀའི་གཞུང་མང་གཉིས་ནས་ད་ལྟའི་བོད་ནང་གི་གནས་སྟངས་དང་། ཨ་མི་རི་ཀའི་མི་སེར་ཡིན་པའི་བོད་མི་ཚོའི་གནས་སྟངས་ལ་ཐུགས་འཚབ་ཆེན་པོ་ཡོད་པའི་རྣམ་པ་ཤུགས་ཆེ་བཏོན་གནང་སྟེ་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནས་དེའི་ཐོག་འཕྲལ་དུ་རྒྱབ་སྐྱོར་གནང་ཡོད་ལུགས་གསལ་སྟོན་གནང་འདུག
ན་ནིང་ཕྱི་ཟླ་ལྔ་པའི་ནང་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Marco Rubio)་དང་(Tammy Baldwin) རྣམ་གཉིས་དང་། དེ་བཞིན་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim McGovern)དང་(Randy Hultgren)་རྣམ་གཉིས་བཅས་ནས་གྲོས་ཚོགས་གོང་འོག་གཉིས་ནང་(Reciprocal Access to Tibet Act)་ཞེས་རྒྱལ་ཁབ་ཕན་ཚུལ་དབར་རང་དབང་ལྡན་པའི་སྒོ་ནས་ཕར་འགྲོ་ཚུར་འོང་གི་ཐོབ་ཐང་འདྲ་མཉམ་དགོས་པའི་བསམ་ཚུལ་ངོ་སྤྲོད་ཞུས་གནང་ཡོད་པ་རེད།
ཁྲིམས་འཆར་དེའི་ནང་དོན་གཙོ་བོ་ནི་རྒྱ་ནག་གི་མི་སེར་དང་། གཞུང་འབྲེལ་མི་སྣ། དེ་བཞིན་གསར་འགོད་པ་སོགས་ཨ་མི་རི་ཀའི་ནང་རང་དབང་ངང་འགྲོ་རྒྱུའི་ཐོབ་ཐང་ཡོད་པ་བཞིན་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་དང་། གསར་འགོད་པ། ཨ་མི་རི་ཀའི་མི་སེར་ཡིན་པའི་བོད་པ། དེ་བཞིན་ཨ་རི་བ་སོགས་བོད་ནང་རང་དབང་ངང་བསྐྱོད་ཆོག་པའི་ཐོབ་ཐང་འདྲ་མཉམ་དགོས་པ་གསལ་ཡོད་པ་རེད།
ད་ལྟའི་ཆར་གྲོས་འཆར་དེའི་ཐོག་ཨ་མི་རི་ཀའི་གྲོས་ཚོགས་འོག་མ་དང་། ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གཉིས་ནས་སྤྱི་མོས་རྒྱབ་སྐྱོར་ཐོབ་ཡོད་པ་ལྟར་དེའི་ཐོག་རིམ་བཞིན་གྲོས་ཚོགས་གོང་མ་ནས་རྒྱབ་སྐྱོར་ཐོབ་པའི་རེ་བ་གནང་བཞིན་ཡོད་པ་རེད།
གསར་འགོད་པ་པ་དབྱངས་སྒྲོལ།