བོད་ནང་གི་ཛ་དྲག་གནས་སྟངས་གསལ་བཤད་གནང་འདུག


2013.12.05
ཨི་ཊ་ལིའི་གྲོས་ཚོགས་གོང་མའི་ནང་བོད་དོན་ཉན་ཞིབ་སྐབས། ཨི་ཊ་ལིའི་གྲོས་ཚོགས་གོང་མའི་ནང་བོད་དོན་ཉན་ཞིབ་སྐབས་
པར། བོད་མིའི་སྒྲིག་འཛུགས།

ཕྱི་དྲིལ་བཀའ་བློན་མཆོག་གིས་ཨི་ཊ་ལིའི་གྲོས་ཚོགས་གོང་མའི་ནང་བོད་དོན་ཉན་ཞིབ་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་གསལ་བཤད་གནང་འདུག

དེ་ཡང་ཕྱི་ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན་གྱི་སྔ་དྲོར་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས། ཨི་ཊ་ལིའི་གྲོས་ཚོགས་གོང་མའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་དང་། སྲུང་སྐྱོབ་ཀྱི་དམིགས་བསལ་ཚོགས་ཆུང་ནང་བོད་དོན་ཉན་ཞིབ་གནང་བའི་སྐབས་ཀྱི་གནས་ཚུལ་སྐོར་འདི་གའི་རླུང་འཕྲིན་ཁང་གིས་བཀའ་བློན་མཆོག་ལ་བཅར་འདྲིའི་སྐབས་བརྗོད་དོན། སྐབས་དེར་བོད་ནང་གི་ཛ་དྲག་གནས་སྟངས་དང་། ལྷག་དོན་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་དཀའ་ངལ་ག་རེ་ཡོད་མེད། དེ་བཞིན་རང་ལུས་མེ་བསྲེགས་སོགས་ཀྱི་གནས་སྟངས་ཐད་གསལ་བཤད་བྱེད་རྒྱུའི་གོ་སྐབས་བྱུང་ཟེར། དེ་བཞིན་བཀའ་བློན་མཆོག་ནས་བོད་ནང་ཆབ་སྲིད་ཀྱི་དམ་དྲག་དང་། རིག་གཞུང་ཁོར་ཡུག་གཏོར་བཤིག བོད་མི་རྣམས་དཔལ་འབྱོར་ཟུར་ཕུད་ཀྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་རྣམས་གསལ་སྟོན་གནང་ཡོད་པ་མ་ཟད། ལྷག་པར་དུ་བོད་ནང་མེ་འཁོར་འགྲིམ་འགྲུལ་ལྕགས་ལམ་བཟོས་བ་དེས་ས་གནས་བོད་མི་ཚོར་ཁེ་ཕན་གང་ཡང་མེད་པར། བོད་ཀྱི་ཐོན་ཁུངས་རྣམས་རྒྱ་ནག་ནང་དབོར་དྲེན་དང། རྒྱ་མི་འབོར་ཆེན་བོད་ནང་གནས་སྤོས་བྱ་རྒྱུའི་ལག་ཆ་ཞིག་ཆགས་ཡོད་པ་མ་ཟད། བོད་ནང་གི་ཁེ་ལས་ཚོང་པའི་སྦྱིན་བདག་བརྒྱ་ཆའི་བདུན་ཅུ་ཙམ་རྒྱ་རིགས་ཡིན་པ་དང་།  གཞུང་གི་ལས་བྱེད་ཀྱི་བརྒྱ་ཆ་ལྔ་བཅུ་ཙམ་རྒྱ་རིགས་ཡིན་པའི་གནས་སྟངས་སོགས་ངོ་སྤྲོད་གསལ་བཤད་གནང་ཡོད་། དེ་བཞིན་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་མཆོག་གིས་ཕྱི་ལོ་ཉིས་སྟོང་དགུ་ལོ་ནས་ད་བར་བོད་མི་༡༢༠ལྷག་གིས་སྐུ་ལུས་མེར་སྲེག་བཏང་ཡོད་པ་དང་། ཁོང་རྣམ་པ་ཚོས་བོད་ལ་རང་དབང་དང་།  བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་མོ་མཆོག་བོད་ལ་ཕྱིར་ལོག་ཕེབས་རྒྱུའི་མདུན་པ་བཏོན་ཡོད་པས་། བོད་མིའི་སྒྲིག་འཛུགས་ཀྱིས་བོད་རྒྱ་མི་རིགས་གཉིས་ལ་ཕན་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་བྱས་ཏེ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གྱི་སྒྲོམ་གཞིའི་འོག་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་སྐྲུན་ཐབས་ཀྱི་ལངས་ཕྱོགས་བཟུང་ཡོད་པ་གསལ་སྟོན་གནང་ཡོད།

གསར་འགོད་པ་མཆི་མེད་དང་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎