དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་བྱམས་བརྩེའི་ལམ་ནས་སེལ་ཐབས་བྱེད་དགོས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག

འགྲོ་བ་མི་ཡོངས་རྫོགས་གཅིག་ཕན་གཅིག་གྲོགས་བྱས་ཏེ་དཀའ་ངལ་སེལ་དགོས་པ་ལས་གོ་མཚོན་གྱི་ལམ་ནས་མིའི་དཀའ་ངལ་སེལ་ཟེར་བ་ནི་ཡོང་ཐབས་མེད་པ་ཞིག་ཡིན་པ་༧གོང་ས་མཆོག་གིས་བཀའ་གནང་སོང་།

༸གོང་ས་མཆོག་ནས་བརྙན་འཕྲིན་དྲ་ལམ་བརྒྱུད་འཕགས་པ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་སྩལ་བའི་སྐབས། དགའ་ལྡན་ཕོ་བྲང་།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་གང་ཉིད་མཆོག་གི་རྗེས་འབྲང་པ་ཚོས་ཇི་ལྟར་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སྤྱི་ཟླ་༥པའི་ཚེས་༡༦ཉིན་གྱི་སྔ་དྲོ་བརྙན་འཕྲིན་དྲ་ལམ་བརྒྱུད་འཕགས་པ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་སྩལ་བའི་སྐབས།  འཛམ་བུ་འདིའི་ནང་ཡོད་པའི་འགྲོ་བ་མི་རྣམས་ལ་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་བྱམས་བརྩེའི་ལམ་ནས་བཀའ་ངལ་དེ་དག་སེལ་ཐབས་ལ་འབད་དགོས་པ་མ་ཟད། སྟོང་ཉིད་ཀྱི་ལྟ་བ་དང་བྱམས་བརྩེ་གཉིས་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་པ་བཀའ་གནང་ཡོད་པ་རེད།

ཡང་སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ད་སྐབས་ནད་ཡམས་ཀྱི་དབང་གིས་གཉན་འཕྲང་ཆེ་བའི་དུས་སྐབས་འདིར། དབུལ་ཕོངས་ཉམ་ཐག་ཚོར་གུས་ཞབས་དང་ལྡན་པའི་ངང་རོགས་རམ་བྱས་པ་ཡིན་ན། སོ་སོ་རང་ཉིད་ཚེ་རིང་བ་དང་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་ཡོང་ངེས་ཡིན་པ་བཀའ་ཕེབས་སོང་།

ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། དེང་སྐབས་འཛམ་གླིང་གི་དཔལ་འབྱོར་དང་ཁོར་ཡུག་སོགས་གང་གི་ཆ་ནས་ཚང་མ་གཅིག་ལ་གཅིག་བརྟེན་ཆགས་ཡོད་པས། ངེས་པར་དུ་ཚང་མས་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་ཀྱི་ལམ་ནས་ཁོར་ཡུག་སྲུང་སྐྱོབ་བྱ་དགོས་པ་བཀའ་ཕེབས་ཡོད་པ་རེད།

ཡང་ད་ཆ་འཛམ་གླིང་ཡུལ་གྲུ་གང་སར་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཆེ་བས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་གནང་ཡུལ་དུ་དངོས་སུ་ཆོས་ཞུ་བ་རྣམས་འདུ་འཛོམས་བྱུང་ཐུབ་མེད་པ་འདི་ནི་འདས་པའི་ལོ་རྒྱུས་ནང་ཐོག་མ་དེ་ཆགས་ཀྱི་ཡོད་པ་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་སོང་ལ། སྐབས་དེར་སྤྱི་ཚོགས་དྲ་ལམ་བརྒྱུད་གསུང་ཆོས་ཐད་གཏོང་ཚར་བའི་རྗེས་ཀྱི་ཆུ་ཚུད་གསུམ་ནང་ཚུད་ལ་༧གོང་ས་མཆོག་སྐུ་སྒེར་གྱི་ངོ་དེབ་༸རྒྱལ་བ་རིན་པོ་ཞེས་པའི་ཐོག་བཀའ་ཆོས་གསན་གཟིགས་གནང་མཁན་གྱི་གྲངས་འབོར་ནི་འབུམ་གཅིག་ལྷག་བརྒལ་ཟིན་འདུག་པ་དང་དེ་བཞིན་Dalai Lama ཞེས་པའི་དབྱིན་ཡིག་ངོ་དེབ་སྟེང་བཀའ་ཆོས་གསན་གཟིགས་གནང་མཁན་གྱི་གྲངས་འབོར་འབུམ་ལྔ་ལྷག་བརྒལ་ཟིན་འདུག་པ་མ་ཟད། ད་དུང་མུ་མཐུད་གོང་ཞུས་ངོ་དེབ་ཁང་བྱང་དེ་གཉིས་ཀྱི་བརྒྱུད་གང་ཉིད་མཆོག་གི་བཀའ་ཆོས་ཞུ་མཁན་གྱི་གྲངས་འབོར་མུ་མཐུད་འཕར་བཞིན་འདུག་ཅིང་། ཐེངས་འདིའི་གསུང་ཆོས་དེ་བཞིན་རྒྱ་སྐད། ཧིན་སྐད། ཕོར་ཅི་གྷད་ཀྱི་སྐད། ར་ཤཱི་ཡའི་སྐད། སོག་སྐད། ཀོ་རི་ཡའི་སྐད། ཉི་ཧོང་སོགས་སྐད་ཡིག་མི་འདྲ་བ་བཅུ་གསུམ་ཐོག་གསུང་བསྒྱུར་ཞུས་འདུག་མ་ཟད། ཕོར་ཅི་གྷད་ཀྱི་སྐད་ཡིག་ཐོག་གསུང་བསྒྱུར་གནང་བ་ནི་ད་རེས་ཐོག་མར་དེ་ཆགས་ཡོད་འདུག་ཀྱང་སྐད་ཡིག་དེའི་ཐོག་གང་ཉིད་མཆོག་གི་བཀའ་ཆོས་གསན་གཟིགས་གནང་མཁན་༩༧༠༠ལྷག་བརྒལ་ཡོད་འདུག

ཡང་མཐའ་མཇུག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ནད་ཡམས་ཀྱི་དབང་གིས་ང་ཚོ་དངོས་སུ་མཇལ་འཕྲད་བྱུང་མེད་ན་ཡང་། འདི་ལྟ་བུའི་སྤྱི་ཚོགས་དྲ་ལམ་བརྒྱུད་རིམ་བཞིན་ང་ཚོའི་དབར་ལ་མཇལ་འཕྲད་དང་བསམ་ཚུལ་བརྗེད་ལེན་ཡོང་གི་རེད་ཅེས་བཀའ་གནང་ཡོད་པ་དང་སང་ཉིན་སྤྱི་ཚེས་༡༧ཉིན་ཉིན་གཉིས་པའི་གསུང་ཆོས་སྩལ་གནང་མཛད་རྒྱུ་ཡིན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org