༄༅། །དེ་ཡང་རྒྱ་ནག་ནང་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་བ་སྐུ་ཞབས་གྷེ་རི་ལོཀ་ Gary Lockeམཆོག་དང་། ཁོང་གི་ནང་མི། དེ་བཞིན་གཞུང་ཚབ་ཁང་གི་ལས་བྱེད་ཁག་ཅིག་བཅས་ཉིན་གྲངས་གསུམ་རིང་བོད་ནང་གཟིགས་བསྐོར་གནང་བཞིན་ཡོད་པ་དང་། ས་གནས་བོད་མི་ཚོ་དང་། གཞུང་གི་ལས་བྱེད་ཚོའི་མཉམ་མཇལ་འཕྲད་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱི་དང་། ལྷག་པར་དུ་རྒྱ་ནག་གི་མངའ་འོག་ཏུ་བོད་མི་མང་པོས་རང་ལུས་མེར་བསྲེགས་བཏང་དང་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་སོགས་ཀྱི་སྐོར་བཀའ་མོལ་གནང་རྒྱུ་ཡིན་པ་རེད་འདུག འོན་ཀྱང་གནས་ཚུལ་ཐོན་ཁུངས་ཀྱི་ནང་གཞུང་ཚབ་ཆེན་མོ་བ་དང་སྐུ་འཁོར་རྣམས་བོད་ཀྱི་ས་གནས་གང་དུ་ཕེབས་མིན་གསལ་ཁ་གང་ཡང་བཏོན་མེད་པ་རེད། སྔ་ལོ་ཡང་གཞུང་ཚབ་ཆེན་མོ་བ་སྐུ་ཞབས་གྷེ་རི་ལོཀ་མཆོག་ཟི་ཁྲོན་ཁུལ་གཟིགས་བསྐོར་ཕེབས་པའི་སྐབས་བོད་མི་གནས་ཡུལ་གྱི་ས་ཁུལ་ཁག་ཅིག་ལའང་ཕེབས་ཡོད་པས་མ་ཟད། གཟིགས་བསྐོར་གྲུབ་ནས་ཟླ་བ་གཅིག་ཙམ་ཕྱིན་པའི་རྗེས་སུ་དྲ་ལམ་བརྒྱུད་ཚོགས་འདུ་ཞིག་ཐོག་ཁོང་གིས་བོད་ནང་ལོ་ངོ་མང་པོའི་རིང་དཀའ་སྡུག་མྱོང་བཞིན་པ་དང་། ལྷག་པར་དུ་མི་མང་པོ་རང་ལུས་མེར་བསྲེགས་བཏང་བའི་གནད་དོན་འདིར་ཧ་ཅང་བློ་འཚབ་ཆེན་པོ་ཡོད་ཅེས་གསུངས་ཡོད་པ་དེར་རྒྱ་ནག་གཞུང་གི་ཕྱི་སྲིད་ལས་ཁུངས་ནས། མི་སྒེར་དང་གཞུང་ག་འདྲ་ཞིག་ཡིན་རུང་། རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཡིན་ན། ང་ཚོས་ངོས་ལེན་རྩ་བ་ནས་མེད་ཅེས་ལན་འདེབས་བྱས་ཡོད་པ་རེད།།
ཨ་རིའི་གཞུང་ཚབ་བོད་དུ་ཕེབས་པ།
