ནང་པའི་ལྷན་ཚོགས་ཐེངས་བདུན་པ།

འཛམ་གླིང་ཆེས་མཐོའི་ནང་པའི་ལྷན་ཚོགས་ཐེངས་བདུན་པ་དེ་ཤྲིལངྐ་རུ་སྐོང་འཚོགས་གནང་གི་ཡོད་དང་། སྐབས་དེར་རྒྱལ་ཁབ་༤༦ཙམ་གྱི་སྐུ་ཚབ་འཐུས་མི་ཕེབས་འདུག

ནང་པའི་ལྷན་ཚོགས་ཐེངས་བདུན་པ། འདྲ་བཤུས།

༄༅།    །འཛམ་གླིང་ཆེས་མཐོའི་ནང་པའི་ལྷན་ཚོགས་ཐེངས་བདུན་པ་དེ་ཤྲིལངྐ་གཞུང་གིས་གོ་སྒྲིག་འོག་ཟླ་བ་འདིའི་ཕྱི་ཚེས་ ༢ ནས་ཚེས་ ༧ བར་ཁྱོན་ཉིན་གྲངས་ ༦ ཙམ་གྱི་རིང་སྐོང་འཚོགས་གནང་གི་ཡོད་ཅིང་། ལྷན་ཚོགས་དེའི་ཐོག་འཛམ་གླིང་གླིང་ཆེན་ལྔའི་རྒྱལ་ཁབ་ཁག ༤༦ ཙམ་གྱི་ཐེག་པ་ཆེ་ཆུང་གཉིས་དང་།    འཕགས་པ་གནས་བརྟན་པའི་སྡེ་བཅས་ནང་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཚོའི་འཐུས་ཚབ་དང་མཁས་དབང་སོགས་མཉམ་ཞུགས་གནང་ཡོད་འདུག
འཛམ་གླིང་ཞི་བདེ་ཆེད་དུ་ནང་ཆོས་ (Buddhism for World Peace) ཞེས་པའི་ལྷན་ཚོགས་དེའི་ཐོག་༧གོང་ས་མཆོག་དང་བོད་བརྒྱུད་ནང་བསྟན་གྱི་མཚན་ཐོག་ནས་དམིགས་བསལ་སྐུ་ཚབ་མེད་ཀྱང་།    རྒྱལ་སྤྱི་དགེ་ལྡན་ལྷན་ཚོགས་ཀྱི་ཕྱག་བསྟར་ངེས་སྟོན་པ་དང་དགའ་ལྡན་ཁྲི་ཐོག་ཁང་གི་དྲུང་ཆེ་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་མཆོག་དང་།རུ་སོག་བོད་ཀྱི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་རྣམ་གཉིས་ལྷན་ཚོགས་དེར་མཉམ་ཞུགས་གནང་ཡོད་འདུག
ལྷན་ཚོགས་ཉིན་དང་པོའི་དབུ་འབྱེད་མཛད་སྒོ་དེ་ཤྲིལངྐ་སྲིད་བློན་གྱི་བཞུགས་གནས་ Temple Trees འམ་ལྗོན་ཤིང་ལྷ་ཁང་ཟེར་བ་དེའི་ནང་འཚོགས་ཡོད་ཅིང་། མཛད་སྒོ་ཐོག ཤྲིལངྐའི་སྲིད་འཛིན་དང་སྲིད་བློན་གཉིས་ཀ་མཉམ་ཞུགས་གནང་ཡོད་འདུག
ད་ཐེངས་ཀྱི་ལྷན་ཚོགས་དེའི་ཐོག་ནང་པའི་ལྟ་གྲུབ་སྐོར་གྱི་བགྲོ་གླེང་མ་ཡིན་པར། གལ་ཆེ་ཤོས་ནང་ཆོས་ཐོག་ནས་འཛམ་གླིང་ཞི་བདེ་བསྐྲུན་ཐབས་སྐོར་བགྲོ་གླེང་གནང་གི་ཡོད་འདུག
དེ་སྔོན་འཛམ་གླིང་ནང་པའི་ལྷན་ཚོགས་མང་ཆེ་བ་ནང་པའི་རྒྱལ་པོ་དེ་འདྲའི་འདས་མཆོད་རྗེས་དྲན་སོགས་དང་སྟབས་བསྟུན་ནས་འཚོགས་ཡོད་ཅིང་། ལྷན་ཚོགས་བདུན་པ་འདི་ནི་ཤྲིལངྐ་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དུས་སྟོན་དང་སྟབས་བསྟུན་ནས་འཚོགས་པ་ཞིག་རེད་འདུག
གསར་འགོད་པ་སངས་རྒྱས་རྡོ་རྗེ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org