ཏོག་དབྱིབས་རིམས་ནད་རྐྱེན་གྱིས་བོད་ནང་མི་གསུམ་འདས་གྲོངས་སུ་ཕྱིན་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་།

2022.09.16
ཏོག་དབྱིབས་རིམས་ནད་རྐྱེན་གྱིས་བོད་ནང་མི་གསུམ་འདས་གྲོངས་སུ་ཕྱིན་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་། གཞིས་ཀ་རྩེ་ནས་ཡིན་པ་ཨ་ཇོ་སྤེན་པའི་པར་རིས།
Photo: RFA

དེ་རིང་ཕྱི་ཟླ་༩ཚེས་༡༦ཉིན་བར་བོད་ཀྱི་རྒྱལ་ས་ལྷ་ས་ཡོངས་སུ་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་སྒོ་རྒྱ་བསྡམས་སྟེ་ཟླ་གཅིག་ལྷག་འགྲོ་བཞིན་ཡོད་པ་དང་། ད་ལྟའི་བར་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་བོད་རང་སྐྱོང་ལྗོངས་ཡོངས་སུ་ཏོག་དབྱིབས་རིམས་ནད་སྐབས་འདས་གྲོངས་སུ་སོང་བའི་གནས་ཚུལ་གང་ཡང་མེད་ན་ཡང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་རྒྱུས་ལོན་ཐུབ་པར་གཞིགས་ན། ལྷ་ས་ཁུལ་སྟོད་ལུང་བདེ་ཆེན་ནས་མི་གཅིག་དང་། རྒྱང་རྩེ་ནས་གཅིག། དེ་བཞིན་གཞིས་ཀ་རྩེ་རྫོང་ཐོག་རང་ནས་མི་གཅིག་བཅས་ཁྱོན་མི་གསུམ་འདས་གྲོངས་སུ་ཕྱིན་འདུག་ཅིང་། སྟོད་ལུང་ནས་ཡིན་པའི་བོད་མི་དེའི་མིང་ལ་སྤེན་པ་ཚེ་རིང་དང་། གཞིས་ཀ་རྩེ་ནས་ཡིན་པའི་མི་དེའི་མིང་ལ་ཨ་ཇོ་སྤེན་པ་ཡིན་འདུག  ཨ་ཇོ་སྤེན་པ་ནི་དེ་སྔོན་བོད་ནས་རྒྱ་གར་དུ་སླེབས་ཤིང་། ཕྱི་ལོ་ ༢༠༠༥ ལོར་བོད་ནང་གཉེན་འཕྲད་དུ་ཕྱིན་རྗེས་སླར་རྒྱ་གར་དུ་ཕྱིར་ལོག་ཐུབ་མེད་པ། བོད་ནང་དང་བོད་ཕྱི་ལོག་གི་བོད་མི་ཁག་ཅིག་གིས་བརྗོད་བྱུང་།  རྒྱང་རྩེ་ནས་ཡིན་པའི་བོད་མི་དེའི་མིང་ཅི་ཡིན་ཤེས་རྟོགས་ཐུབ་ཀྱི་མིན་འདུག 

ས་གནས་རྒྱ་ནག་གི་འཕྲོད་བསྟེན་འབྲེལ་ཡོད་ཚན་པས། སྟོད་ལུང་དང་གཞིས་ཀ་རྩེ་ནས་འདས་གྲོངས་སུ་ཕྱིན་པའི་བོད་མི་གཉིས་པོ་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་འདས་གྲོངས་སུ་ཕྱིན་ཡོད་པ། ནང་མི་སོ་སོར་བརྗོད་དེ་བོད་མི་གཉིས་པོ་དེའི་ཕུང་པོ་ས་འོག་ཏུ་སྦས་པར་མ་ཟད། ཁང་པའི་སྒོ་ཁར་ཏོག་དབྱིབས་ཕོག་པའི་ཁྱིམ་ཚང་ཞེས་སྒོ་བྱང་ཡང་བཀལ་ཡོད་འདུག

འདི་ག་རླུང་འཕྲིན་ཁང་ནས་བདེ་འཇགས་གནས་སྟངས་རྐྱེན་གྱིས་གནས་ཚུལ་མཁོ་སྤྲོད་པ་དེ་དག་གི་མིང་དང་ས་གནས་སོགས་བརྗོད་ཐབས་མེད་ན་ཡང་། ཁོང་གཉིས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་མུ་མཐུད་བརྗོད་པར་གཞིགས་ན། སྟོད་ལུང་ནས་འདས་གྲོངས་སུ་ཕྱིན་པ་སྤེན་པ་ཚེ་རིང་ནི། ལོ་ན་ ༦༢ ཙམ་ཡིན་པའི་སྨན་པ་ཞིག་ཡིན་འདུག་ལ། ཁོང་ལ་ཏོག་དབྱིབས་ནད་ཡམས་འགོས་རྗེས་གློ་ལུ་བ་དང་ཟུག་གཟེར་རྒྱབ་པ་སོགས་བྱུང་འདུག་ཅིང་། སོ་སོའི་རང་ཁྱིམ་དུ་འདས་གྲོངས་སུ་ཕྱིན་འདུག 

ཡང་གཞིས་ཀ་རྩེ་ནས་འདས་གྲོངས་སུ་སོང་བ་ཨ་ཇོ་སྤེན་པ་ནི། ཏོག་དབྱིབས་རིམས་ནད་རྐྱེན་གྱིས་གློ་ལུ་བ་སོགས་ནད་རྟགས་ཐོན་རྗེས་རིམ་པས་ངོ་གདོང་ནག་པོ་ཆགས་པ་སོགས་ཀྱི་གནས་སྟངས་བྱུང་འདུག བོད་མི་དེ་དག་གསུམ་ཀ་སོ་སོའི་རང་ཁྱིམ་དུ་འདས་གྲོངས་སུ་ཕྱིན་འདུག 

གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཁོང་ཚོ་གསུམ་ཀར་དུས་ཐོག་སྨན་པར་བསྟེན་གཏུག་དང་སྨན་བཅོས་སོགས་ཐོབ་མི་འདུག་ལ། གཞིས་རྩེ་ནས་འདས་གྲོངས་སུ་སོང་བ་ཁོང་ལ་རྒྱ་ནག་གཞུང་གིས་ཕུང་པོ་དུར་མཇུག་བྱེད་མ་བཅུག་པར། ཉིན་མཚན་དྲུག་རིང་ཁོང་གི་བཟའ་ཟླ་དང་མཉམ་དུ་ཁྱིམ་དུ་བཅུག་སྟེ་བཞག་རྗེས་ས་གནས་ལས་བྱེད་པས་ཕུར་པོ་འཁྱེར་ཡོད་སྐོར་བརྗོད་བྱུང་།

རྒྱ་ནག་གཞུང་གིས་ལྷ་ས་ཁུལ་དུ་སྤྱི་ཚོགས་སྟེང་གི་ནད་ཡམས་གཙང་སེལ་ཟིན་ལུགས་དྲིལ་བསྒྲགས་བྱེད་བཞིན་པ་ལས། མི་གཅིག་ཀྱང་འདས་གྲོངས་སུ་ཕྱིན་ལུགས་བརྗོད་ཀྱི་མེད་ན་ཡང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་པ་དེ་དག་གིས། ཁྱིམ་སྡོད་བཀག་རྒྱའི་འོག་རང་ཁྱིམ་དུ་ན་ཚ་ཡོད་མཁན་དང་མེད་མཁན་དབྱེར་མེད་ཀྱི་ཐོག་ནས་བཅུག་པ་དེ་དག་གི་ནང་འདས་གྲོངས་སུ་ཕྱིན་པ་མང་པོ་བྱུང་ཡོད་པ་ཚོད་དཔག་བྱེད་ཀྱི་འདུག  འོན་ཀྱང་འདི་ག་རླུང་འཕྲིན་ཁང་ནས་གནས་ཚུལ་ཞིབ་ཕྲ་ད་བར་རྒྱུས་ལོན་ཐུབ་མ་བྱུང་། 

རྒྱ་ནག་གཞུང་འབྲེལ་གྱིས་གསལ་བསྒྲགས་བྱས་པར་ལྟར་ན། ཕྱི་ཟླ་ ༩ ཚེས་༡༥ཉིན་གྱི་ཉིན་རྒྱབ་ཆུ་ཚོད་གཉིས་པ་བར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༡༦༣༢༧ཟིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎