བོད་མིའི་སྒྲིག་འཛུགས་ཀྱིས་དངུལ་ཁང་འཛུགས་འཆར་ཡོད་པ།
བཀའ་ཤག་གིས་དམིགས་བསལ་ལས་བྱེད་ཐད་བསྐོ་གནང་ཆོག་པའི་ཁྲིམས་འཆར་ལ་སྤྱི་འཐུས་རྣམས་ཀྱིས་མང་མོས་རྒྱབ་སྐྱོར་གནང་འདུག
-
2016-09-29 -
-
-
Your browser doesn’t support HTML5 audio
དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་དམིགས་བསལ་ལས་བྱེད་༡༨་ལས་མ་བརྒལ་བ་ཐད་ཀར་བསྐོ་བཞག་གནང་ཆོག་པའི་ཁྲིམས་འཆར་ལ་སྤྱི་འཐུས་རྣམས་ཀྱིས་མང་མོས་རྒྱབ་སྐྱོར་གནང་འདུག
དེ་ཡང་འདི་ཟླའི་ཚེས་༢༧་ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་བའི་ལས་ཉིན་བདུན་པའི་སྐབས། བཀའ་ཤག་གིས་དམིགས་བསལ་ལས་བྱེད་༡༨་ལས་མ་བརྒལ་བ་ཐད་ཀར་བསྐོ་བཞག་གནང་ཆོག་པ་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་གནང་བ་དེར་ངོ་ཡོད་སྤྱི་འཐུས་༣༡་རྒྱབ་སྐྱོར་གནང་སྟབས་མང་མོས་ཐག་གཅོད་བྱུང་འདུག
སྒྲིག་གཞི་བསྐྱར་བཅོས་ནང་གསལ་ལྟར་ན། དམིགས་བསལ་དགོས་གལ་བྱུང་ཚེ་འབྲེལ་ཡོད་བཀའ་བློན་ལས་ཁུངས་སོ་སོའི་འཆར་འབུལ་ལྟར་བཀའ་ཤག་ནས་ལས་བྱེད་ས་མིག་རྩ་འབོར་བརྒྱ་ཆ་༣་མམ་ལས་བྱེད་པ་༡༨་ལས་མ་བརྒལ་བ་ལོ་དུས་རྒྱས་བཅད་ཐོག་བཀའ་ཤག་སྐབས་སོ་སོའི་ལས་ཡུན་རིང་ལས་བྱེད་འདེམས་བསྐོ་ལྷན་ཁང་དང་གོ་བསྡུར་གྱིས་ཐད་བསྐོ་ཆོག་རྒྱུ། ལས་བྱེད་དེ་རིགས་བཀའ་ཤག་སྐབས་སོ་སོའི་ལས་ཡུན་ཁྱུར་རྗེས་ཟླ་བ་གསུམ་ནང་ཚུན་ལ་མཚམས་འཇོག་དགོས། དེ་དག་གི་ལས་འགན་དང་གནས་རིམ། ཕོགས་ཐོབ། ཁེ་ཕན་བཅས་བཀའ་ཤག་གིས་གཏན་འབེབས་བྱ་རྒྱུ་ཞེས་འཁོད་ཡོད་འདུག
ཡང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱིས་དངུལ་ཁང་ཞིག་གསར་འཛུགས་གནང་འཆར་ཡོད་སྐོར་གསུང་དོན། ཨ་མེ་རི་ཀའི་USAID་ཞེས་པ་ནས་རོགས་དངུལ་ཐོན་གྲབས་ཡོད། རོགས་དངུལ་དེ་བྱུང་ན་ལོ་རྗེས་མར་ཨ་སྒོར་འབུམ་༥་དང་དེ་ནས་ལོ་རེར་ཨ་སྒོར་ས་ཡ་༡་རེ་དངུལ་བུན་གཡར་རྒྱུའི་ལས་གཞི་སྤེལ་རྒྱུ་ཡིན། དང་པོ་NBFC་ཞེས་པའི་དངུལ་ཁང་འཛུགས་དགོས་ཀྱི་ཡོད་རེད། ཕྱི་ལོ་༢༠༡༨་ལོར་དངུལ་ཁང་ཞིག་འཛུགས་རྒྱུར་རྒྱ་གར་གཞུང་གིས་བཀའ་འཁྲོལ་གནང་གི་རེད། དེར་ལོ་གསུམ་རིང་ཞིབ་འཇུག་གནང་ཚར་ཡོད་ལ་རོགས་དངུལ་ཡང་ཞུས་ཚར་བ་རེད། རོགས་དངུལ་ཐོན་གྲབས་ཡོད། ད་ལྟ་ནས་གོམ་པ་སྤོ་དགོས་སྟབས་དངུལ་ཁང་སྐོར་ཤེས་མཁན་ཨ་རི་དང་ཡོ་རོབ་སོགས་ནས་ཁྱད་ལས་པ་ཞིག་གདན་འདྲེན་ཞུ་དགོས་བྱུང་ཚེ་དེར་ཆེ་མཐོང་ཡང་ཞུ་དགོས་ཆགས་ཡོད་ཅེས་སོགས་ཀྱི་གསལ་བཤད་གནང་ཡོད་པ་རེད།
འདི་ཚེས་༢༩་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུག་སྒྲིལ་ཡོད་པ་རེད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།