བསྟན་པ་དར་རྒྱས་སྐུ་གྲོངས་བ།

རང་ལུས་མེ་བསྲེག་བཏང་སྟེ་རྒྱ་ནག་ལ་ངོ་རྒོལ་གནང་མཁན་བསྟན་པ་དར་རྒྱས་ལགས་འདས་གྲོངས་སུ་གྱུར་ཡོད་པ།

2012.04.07
བསྟན་པ་དར་རྒྱས་ལགས་འདས་གྲོངས་སུ་གྱུར། བསྟན་པ་དར་རྒྱས་ལགས།
ཀ་ཉག་ཚེ་རིང༌།

༄༅༎ཕྱི་ལོ་ ༢༠༡༢་ ཟླ་ ༤ ཚེས་ ༧ ཉིན། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་རྣམ་གཉིས་ཀྱིས་སྤེལ་བའི་གནས་ཚུལ་ནང༌།
ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣༠ ཉིན། མདོ་སྨད་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་གྲྭ་བསྟན་པ་དར་རྒྱས་དང་འཆི་མེད་དཔལ་ལྡན་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་ཡོད་ལ། གྲྭ་འཆི་མེད་དཔལ་ལྡན་ཟླ་བ་དེའི་ཕྱི་ཚེས་ ༣༡
ཉིན་འདས་གྲོངས་སུ་གྱུར་ཡོད་མོད། བསྟན་པ་དར་རྒྱས་ལགས་ད་བར་གསོན་ཙམ་གྱི་གནས་སྟངས་ལྷག་ཡོད་ནའང་། དེ་རིང་སྟེ་ཕྱི་ཟླ་ ༤ ཚེས་ ༧ ཉིན་གྱི་བོད་ནང་གི་སྔ་དྲོའི་དུས་ཚོད་ ༩།༢༣ ཙམ་ལ་རྔ་བ་ཁུལ་གྱི་སྨན་ཁང་ནང་གཟི་བརྗིད་ལྡན་པའི་ངང་ཁོང་ཡང་སྐུ་གྲོངས་ཡོད་ཀྱང་ཁོང་གི་སྐུ་ཕུང་ནང་མི་དང་དགོན་པར་སྤྲོད་རྒྱུའི་རེ་འདུན་ཤུགས་ཆེ་ཞུས་ནའང་། རྒྱ་གཞུང་གིས་དང་ལེན་མ་བྱས་པར་ཉིན་རྒྱབ་ཀྱི་དུས་ཚོད་ ༡ ཙམ་ལ་མེར་སྲེག་བཏང་སྟེ་ཕྱི་དྲོའི་དུས་ཚོད་ ༤ཙམ་ལ་རུས་ཐལ་ཞིག་འབྲེལ་ཡོད་ལ་སྤྲད་པ་དེར་ཡང་མི་ཆོག་པ་མང་པོ་ཞིག་ལ་ཁས་ལེན་གྱིས་མཛུབ་ཐེལ་རྒྱག་དགོས་བྱུང་འདུག
དེ་རྗེས་ཁོང་གི་རུས་ཐལ་ཚོ་བདུན་ཀིརྟི་དགོན་པའི་ནང་གདན་འདྲེན་ཞུས་སྐབས་ཀྱང་དྲག་ཆས་ཉེན་རྟོག་པ་སོགས་རླངས་འཁོར་ཆེ་བ་གསུམ་གྱིས་རྗེས་འདེད་བྱས་ཡོད་ལ། དགོན་པའི་གྲྭ་མང་གིས་ཁོང་གི་རྗེས་འཇུག་གི་ཆོ་ག་ཁག་སྒྲུབ་བཞིན་ཡོད་འདུག
དེང་སྐབས་ཚོ་བདུན་ཀིརྟི་དགོན་པའི་ཐག་ཉེར་ཡོད་པའི་ཆུའི་ཕར་ཕྱོགས་སུ་དམག་མི་དང་དྲག་ཆས་ཉེན་རྟོག་པ་སོགས་འབོར་ཆེན་ཞིག་རྒྱུན་སྡོད་ཀྱིས་དམག་སྦྱོང་འདྲ་མིན་བྱེད་བཞིན་ཡོད་པ་འཁོད་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎