འདམ་གཞུང་དུ་རང་ལུས་མེ་སྲེག
2012.07.10
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༧ ཉིན། བོད་རང་སྐྱོང་ལྗོངས་ཞེས་བོད་དབུས་ཁུལ་ལྷ་ས་གྲོང་ཁྱེར་གྱི་འཛིན་སྐྱོང་མངའ་འོག་ཏུ་ཡོད་པའི་འདམ་གཞུང་རྫོང་དུ་བོད་རིགས་ན་གཞོན་ཚེ་དབང་རྡོ་རྗེ་ཞུ་བ་ཞིག་གིས། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེ་སྲེག་བཏང་སྟེ་ངོ་རྒོལ་གནང་ཡོད་པའི་སྐོར། གནས་ཚུལ་རྒྱུས་ཡོད་ཀྱི་མི་སྣ་ཞིག་གིས་འདི་གའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎
༄༅༎ཕྱི་ཟླ་༧པའི་ཚེས་ ༧ཉིན་བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་གྱི་ཁྱབ་ཁོངས་་འདམ་གཞུང་རྗོང་ཐོག་ཏུ་བོད་རིགས་ན་གཞོན་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་སོ་སོའི་སྐུ་ལུས་མེར་མཆོད་བྱས་པའི་གནས་ཚུལ་བྱུང་འདུག འདི་ག་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་དོན་ལྟར་ན། རང་ལོ་ ༢༣ཙམ་ཡིན་པའི་བོད་རིགས་ན་གཞོན་པདྨ་རྡོ་རྗེ་འམ།ཚེ་རིང་རྡོ་རྗེ་ཞུས་པ་ཞིག་གིས་འདམ་གཞུང་གི་རྗོང་སྲིད་གཞུང་གི་ཉེ་འགྲམ་དུ་ཡོད་པའི་ཚོགས་ཁང་ཆེན་པོ་ཞིག་གི་མདུན་དུ་སྐུ་ལུས་མེར་བསྲེག་བཏང་འདུག ཁོང་གི་སྐུ་ལུས་ལ་མེར་འབར་བཞིན་དུ་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་འབོད་ཚིག་བསྒྲགས་གནས་མི་ཌར་ ༡༠༠་ཙམ་གོམ་པ་བརྒྱབ་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་འདུག དེ་ནས་ས་གནས་ཀྱི་ཉེན་རྟོག་དམག་མི་འབྱོར་ནས་ཁོང་བཙན་དབང་གི་ཐོག་ནས་ས་གནས་ཀྱི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱས་མ་ཐུབ་ནས་ལྷ་ས་གྲོང་ཁྱེར་གྱི་ཕྱོགས་སུ་བཙན་འཁྲིད་བྱས་པའི་གནས་ཚུལ་བྱུང་ཡོད་འདུག བོད་ནས་གནས་ཚུལ་གནང་མཁན་གྱིས་གསུངས་དོན་ལྟར་ན། ཁོང་ལྷ་སའི་གྲོང་ཁྱེར་དུ་མ་འབྱོར་གོང་ལམ་བར་དུ་ཤི་སྐྱོན་བྱུང་ཡོད་པ་དང་ ཁོང་སྐུ་ལུས་ཀྱི་བརྒྱ་ཆ་དགུ་བཙུ་ཙམ་མེས་ཚིགས་ཟིན་པའི་གནས་ཚུལ་འགྲེལ་བརྗོད་གནང་འདུག འོན་ཀྱང་བཙན་བྱོལ་དུ་བཞུགས་མཁན་འདམ་གཞུང་ནས་ཡིན་པའི་བོད་མི་ཞིག་གིས་གསུངས་དོན་ལྟར་ན་
བོད་ནས་གནས་ཚུལ་གནང་མཁན་དང་བཙན་བྱོལ་དུ་གནས་པའི་མི་སྣ་གཉིས་ཀས་གནས་ཚུལ་དངོས་སུ་བྱུང་ཡོད་པ་དང་།མེར་བསྲེག་གི་གནས་ཚུལ་བྱུང་མ་ཐག་འདམ་གཞུང་དུ་ཁ་དཔར་སོགས་ཀྱི་དམ་བསྒྲགས་ཤུགས་ཆེ་བྱས་པ་མ་ཟད་ མེར་བསྲེག་ཀྱི་གནས་ཚུལ་དེའི་སྐོར་ཕྱི་ཕྱོགས་སུ་གནས་ཚུལ་བཤད་མི་ཆོག་གི་ཉེན་བརྡ་ཡང་བཏང་འདུག འདི་ག་རླུང་འཕྲིན་ཁང་ནས་འདམ་གཞུང་ཉེན་རྟོག་ལས་ཁུངས་ལ་གནས་ཚུལ་དངོས་བྱུང་ཡིན་མིན་དྲི་སྐབས་བོད་རིགས་ལས་བྱེད་ཅིག་གིས་གནས་ཚུལ་བྱུང་མེད་པའི་འགྲེལ་བརྗོད་བྱས་འདུག
འོན་ཀྱང་གནས་ཚུལ་ཐོན་ཁུངས་གཉིས་ཀྱིས་འདམ་གཞུང་དུ་མེ་བསྲེགས་ཀྱི་གནས་ཚུལ་དངོས་སུ་བྱུང་བའི་འགྲེལ་བརྗོད་གནང་འདུག།