༄༅།།༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་༢༥འཁོར་བའི་དུས་དྲན་དེ་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་རྣམས་ནས་དགའ་དད་སྤྲོ་གསུམ་གྱི་ངང་སྲུང་བརྩི་ཞུས་གནང་སོང་། དེ་ཡང་དེ་རིང་ཕྱི་ཚེས་༡༢ཉིན་གྱི་ཕྱི་དྲོ་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་དང་། ཝར་ཇི་ནི་ཡ། དེ་བཞིན་མེ་རི་ལེཎྜ་བཅས་ཀྱི་བོད་མི་རྣམས་རང་མོས་ཀྱི་ཞལ་ལག་བསྣམས་ནས་ས་གནས་གཅིག་ཏུ་འདུ་འཛོམས་ཀྱིས་དུས་དྲན་དེ་སྲུང་བརྩི་ཞུས་སོང་།དུས་དྲན་དེ་བཞིན་ཐོག་མ་རྒྱལ་བའི་ཞབས་རྟེན་འུར་འདོན་དང་སྦྲགས། སྐུ་མགྲོན་དང་མི་མང་ནས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་འབུལ་ལམ་ཞུས་ནས་དབུ་འཛུགས་གནང་སོང་། མཛད་སྒོ་དངོས་གཞི་དབུ་འཛུགས་ཀྱི་ཐོག་མ་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་དུས་དྲན་དང་འབྲེལ་བའི་གསུངས་བཤད་གནང་སྐབས་བོད་མི་རྣམས་ནས་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་དྲན་སྲུང་བརྩི་ཞུ་སྐབས་གལ་ཆེ་ཤོས་དེ་བོད་མི་རྣམས་ནས་བོད་ཀྱི་རྩ་དོན་ཆེད་རང་ཉིད་གང་ལྕོགས་ཀྱི་ཞབས་ཞུ་གནང་རྒྱུ་དེ་ཡིན་སྐོར་གསུངས་སོང་། ཁོང་གིས་ད་དུང་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་སྟངས་ཀྱི་ལས་རིམ་ཁག་རང་གི་མྱོང་ཚོར་དང་སྦྲགས་ངོ་སྤྲོད་གནང་སོང་།
ཡང་སྐབས་དེའི་མཛད་སྒོའི་ཐོག་ཕེབས་པའི་སྤྱི་མཐུས་ཤར་གླིང་ཟླ་སྒྲོན་ལགས་ནས་རང་རང་ཉིད་ད་རེས་ཀྱི་མཛད་སྒོ་དེའི་ཐོག་བཅར་ཐུབ་པ་དེ་རྟེན་འབྲེལ་བཟང་པོ་བྱུང་སྐོར་ངོ་སྤྲོད་གནང་སོང་བས་མ་ཚད། བོད་མི་རྣམས་ཀྱིས་ནུས་པ་གཅིག་ཏུ་སྤུང་ནས་ཕྱག་ལས་གནང་དགོས་པ་དེ་གལ་ཆེན་པོ་ཡིན་སྐོར་གསུངས་གནང་སོང་།
མཛད་སྒོ་དེའི་ཐོག་ད་དུང་ཨ་རིའི་རྒྱལ་ས་མངའ་ཁུལ་གྱི་སློབ་ཕྲུག་རྣམས་ནས་༧གོང་ས་མཆོག་ལ་བསྟོད་པའི་གླུ་དབྱངས་དགའ་བ་ལ་དང་དགའ་བ་ལ་་ཞེས་པ་དེ་སྙན་འབུལ་ཞུས་སོང་བས་མ་ཚད། ༸གོང་ས་མཆོག་ལ་བསྟོད་ཚིག་སྒྲོག་སྦྱངས་གནང་བ་དང་། ཐ་མ་བོད་ཀྱི་རྐང་བྲོ་གླུ་གཞས་དང་ཕྱི་རྒྱལ་གྱི་ཞབས་བྲོ་གནང་བའི་བརྒྱུད་མདད་སྒོ་དེ་མཇུག་བསྒྲིལ་གནང་ཡོད་པ་རེད།།
གསར་འགོད་པ་པ་སངས་དོན་ལྡན།
གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་ནིའུ་ཡོག་ནས་བཏང་བའི་གནས་ཚུལ།
ཨོསཋརེ་ལི་ཡ་ནས་གསར་འགོད་པ་དོན་ལྡན་རྭ་ལོ་ལགས་ཀྱིས་བཏང་བའི་གནས་ཚུལ།