མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་སྐད་འབོད།
2014.04.26

༄༅༎ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༥ཉིན་ནི། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་༢༥ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་པར་བརྟེན། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་མི་ཚོས་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་ལས་འགུལ་འདྲ་མིན་སྤེལ་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས༎

ཨ་མི་རི་ཀའི་རྒྱལ་སའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྣེ་ཁྲིད་ནས་བོད་མི་ཚོས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་བརྩི་གནང་ཡོད་པ་རེད།
དེ་ཡང་སྤྱི་ཟླ་༤པའི་ཚེས་༢༥ཉིན་ནི་པཎ་ཆེན་སྐུ་ཕྲེང་༡༡པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༢༥ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་པ་དང་། ས་གནས་གཞོན་ནུའི་རྒྱུན་ལས་དར་རྒྱས་ལགས་ཀྱིས་བརྗོད་དོན། ཉིན་དེར་འདི་ག་ཨ་མི་རི་ཀའི་རྒྱལ་སའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཚོ་ཨ་རིའི་རྒྱལ་སར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དང་། ཨ་རིའི་ཕྱི་སྲིད་ལྷན་ཁང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་བཅས་སུ་བཅར་ནས་པན་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གི་ལོ་རྒྱུས་དང་འབྲེལ་ཆུང་སྲིད་རིན་པོ་ཆེ་དང་ཡབ་ཡུམ་སྐུ་འཁོར་བཅས་པ་རྒྱ་ནག་གིས་བཙན་ཁྲིད་ཀྱིས་ད་བར་མི་ལོ་༡༩་ཕྱིན་ཡོད་པ་གང་མགྱོགས་གློད་བཀྲོལ་ཡོང་ཐབས་དང་། ཆུང་སྲིད་རིན་པོ་ཆེའི་ད་ལྟའི་གནས་སྟངས་རྒྱ་ནག་གིས་གསལ་བཤད་ཡོང་ཐབས་ཐད་ཡིག་ངག་གཉིས་ཐོག་ནས་འབོད་སྐུལ་བྱས་ཡོད་པ་བརྗོད་བྱུང་།
དེ་བཞིན་དགོང་དྲོ་གནམ་གཤིས་ཆར་ཤུགས་ཆེ་མིན་ལ་མ་བལྟོས་བར་བོད་མི་ཁག་གཅིག་ཨ་མི་རི་ཀའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་མདུན་འཛོམས་ནས་། ཆུང་སྲིད་རིན་པོ་ཆེ་གནས་སྟངས་དྲིལ་བསྒྲགས་དང་མཉམ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་དང་སྐབས་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་དང་། ས་གནས་བོད་རིགས་མཐུན་ཚོགས་ཀྱི་སྐུ་ཚབ་ནམ་མཁའ་ལགས་སོགས་མཉམ་ཞུགས་བྱས་འདུག
ཕྱི་ལོ་༡༩༩༥ཟླ་༥ཚེས་༡༤ཉིན་༧གོང་ས་མཆོག་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གསལ་བསྒྲགས་གནང་ཡོད་པ་མ་ཟད། ཡང་སྲིད་རིན་པོ་ཆེ་བཀྲ་ཤིས་ལྷུན་པོར་སློབ་གཉེར་གསན་བཞེས་དང་། ཆོས་ཕྱོགས་ཀྱི་མཛད་འགན་བཞེས་རྒྱུར་རྒྱ་ནག་གཞུང་གིས་མཐུན་འགྱུར་རོགས་རམ་ཡོང་བའི་རེ་འདུན་བཏོན་གནང་མཛད་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་དེ་ལས་ལྡོག་སྟེ་དེ་མ་ཐག་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཁོང་གི་ཡབ་ཡུམ་སྐུ་འཁོར་བཅས་པ་བཙན་ཁྲིད་བྱས་བ་མ་ཟད་། རྒྱལ་མཚན་ནོར་བུ་ཟེར་བ་ཞིག་པཎ་ཆེན་ཡང་སྲིད་ཡིན་པའི་ཐག་གཅོད་བྱས་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ།