ཕུན་རབ་བློ་བཟང་དར་རྒྱས་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་ལ་གདེང་འཇོག་ངོས་འཛིན་གནང་གི་འདུག
བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་བཀའ་བློན་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཐོག་མ་སོགས་ཀྱི་ཐུགས་འགན་བཞེས་མྱོང་བ། གྲ་ཕྱི་ཕུན་རབ་བློ་བཟང་དར་རྒྱས་མཆོག་ཉེ་ལམ་སྤྱི་ཟླ་༡༡ཚེས་༢༣ཉིན་བཞུགས་སྒར་དུ་སྐུ་ཚེའི་འཕེན་པ་རྫོགས་པར། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་བློ་ཕམ་དང་སྦྲགས། མཛད་གཙོ་རྣམ་པའི་དབུས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་དང་སྲི་ཞུ་ལས་བྱེད་སོགས་ཀྱིས་བསྔོ་སྨོན་གནང་ཡོད་པ་བཞིན། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ཁོང་དང་ལྷན་ཕྱག་ལས་གནང་མྱོང་བ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་ཀྱིས། ཕུན་རབ་བློ་བཟང་དར་རྒྱས་ལགས་ནང་བཞིན་མི་དྲང་པོ་དང་ཡ་རབས། ༧རྒྱལ་བ་རིན་པོ་ཆེར་དད་གུས་ཆེན་པོ་དེ་འདྲ་དེང་སང་ཧ་ཅང་དཀོན་པོ་རེད་ཅེས། ཁོང་གི་སྐུ་ཚེའི་ལོ་རྒྱུས་ལ་གདེང་འཇོག་ངོས་འཛིན་གནང་གི་འདུག
ཕུན་རབ་བློ་བཟང་དར་རྒྱས་ལགས་ནས་སྤྱི་ལོ་༡༩༦༩ལོ་ནས་བཟུང་དབུས་གཙང་ཆོལ་ཁའི་སྤྱི་འཐུས་སྐབས་གསུམ་རིང་གནང་ཡོད་པ་མ་ཟད། དབུས་སྤྱི་ཁྱབ་འདེམས་བསྐོ་ལྷན་ཚོགས་ཀྱི་ཚོགས་མི་དང་གཙོ་འཛིན་བཅས་ཀྱི་ཐུགས་འགན་ཀྱང་བཞེས་མྱོང་ཡོད་པས། སྐབས་དེ་ཤེད་དུ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་ནས་སྐུ་སྒེར་ཡིག་ཚང་དུ་ཕྱག་ལས་གནང་སྟེ། ཚོགས་ཆེན་རིམ་པའི་ཐོག་བཀའ་མོལ་དང་ཞལ་ཚོར་བའི་མུར། སྤྱི་ལོ་༡༩༨༣ལོར་ཕུན་རབ་བློ་བཟང་དར་རྒྱས་ལགས་ནས་དཔལ་འབྱོར་བཀའ་བློན་གྱི་ཐུགས་འགན་བཞེས་སྐབས། བཀའ་ཟུར་བསྟན་འཛིན་དགེ་བྱེད་ལགས་ཀྱང་བཀའ་བློན་ཡིན་པ་སོགས་མཉམ་དུ་ཕྱག་ལས་གནང་བའི་བརྒྱུད་རིམ་ནང་། ཁོང་ཐུགས་གཤིས་འཇམ་པོ་ཡིན་ནའང་གནས་ཚུལ་འགག་འཕྲང་དོག་སར་མཁྲེགས་པོ་དང་བློ་སྟོབས་ཡོད་པ་བཅས་གནང་ཐུབ་མི་ཞིག་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ཕུན་རབ་བློ་བཟང་དར་རྒྱས་ལགས། སྤྱི་ལོ་༡༩༧༩ལོར་བོད་ནང་གཟིགས་སྐོར་སྐུ་ཚབ་ཚོགས་ཆུང་སྟེ་༧སྐུའི་གཅུང་པོ་བློ་བཟང་བསམ་གཏན་སོགས་མི་ལྔ་དང་ལྷན་ཆེད་ཕེབས་ཀྱིས། བོད་ནང་གཟིགས་སྐོར་ཞིབ་རྒྱས་དང་འབྲེལ་ཚུར་ཕེབས་ཏེ་༧གོང་ས་མཆོག་ལ་སྙན་གསན་ཞུ་སྐབས། ༧སྐུའི་གཅུང་པོ་བློ་བཟང་བསམ་གཏན་ལགས་རྒྱ་ནག་གིས་བྱེད་སྟངས་ལ་ཐུགས་ཕམ་ཚད་མེད་བྱུང་ཡོད་པ་དང་མཚུངས། ཕུན་རབ་བློ་བཟང་དར་རྒྱས་ལགས་སུའང་ཧ་ཅང་ཐུགས་ཕམ་དང་ཐུགས་ཚོར་ཆེན་པོ་བྱུང་བ་འགྲེལ་བརྗོད་གནང་གི་འདུག
གྲ་ཕྱི་ཕུན་རབ་བློ་བཟང་དར་རྒྱས་ལགས་ནི་སྤྱི་ལོ་༡༩༣༧ལོར་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་འཁྲུངས་པ་དང་། ཆུང་དུས་ནས་བོད་ཡིག་སློབ་སྦྱོང་གནང་སྟེ་སློབ་གྲྭ་རིམ་ཐོན་གྱིས་འཕན་ཡུལ་སེར་སྨད་བྲག་རྒྱབ་རིན་པོ་ཆེའི་ཞབས་ཕྱི་དང་སྦྲགས། ཆོས་ཕྱོགས་ཀྱི་སློབ་གཉེར་གནང་བཞིན་པའི་སྐབས་སྤྱི་ལོ་༡༩༥༩ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་དུས་འགྱུར་བསླངས་ཏེ། བོད་མི་བཙན་བྱོལ་བ་སྤྱི་མཚུངས་ལྟར་ཁོང་ཡང་རྒྱ་གར་ནང་བཙན་བྱོལ་དུ་སླེབས་པ་ནས་བཟུང་། བོད་ཡིག་དགེ་རྒན་དང་གཞིས་མིའི་མཉམ་འབྲེལ་ལྟ་རྟོག་ཚོགས་པའི་ཚོགས་མི།སྤྱི་འཐུས་དང་དཔལ་འབྱོར་དྲུང་ཆེ། དཔལ་འབྱོར་བཀའ་བློན་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་སོགས་ཀྱི་ཐུགས་འགན་བཞེས་མྱོང་ཡོད་པ་རེད།།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།